གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉམས་ཉེན་ཡོད་པའི་ བསང་ཤིང་ཚུ་ བདག་འཛིན་འཐབ་ནི་གི་ ཐབས་བྱུས་བཏོན་དགོཔ།


སྤོས་བཟོ་ནིའི་དོན་ལུ་ ཕྱ་རུག་རུ་སྦེ་ གཞོག་བཞག་མི་ཤུགཔ་ཤིང་།


བསམ་གཏན་ཡེ་ཤེས།

ལྷག་པ་ སྤྱི་ཟླ་༤ པའི་ཚེས་༣ །  ནང་པ་སངས་རྒྱས་པའི་ ཆོས་དང་འབྲེལ་བའི་ལག་ལེན་བཟང་པོ་ཅིག་དང་ ལྷ་དང་བླ་མ་ ཆོས་སྐྱོང་སྲུང་མ་ སྐྱེས་ལྷ་ཡུལ་ལྷ་ གནས་བདག་གཞི་བདག་ཚུ་ལུ་དྲིའི་མཆོད་པ་ ཁྱད་དུ་འཕགས་པ་ཅིག་བསང་གི་མཆོད་པ་ཨིན་པའི་ཁར་ འབྲུག་པའི་ལམ་སྲོལ་ནང་ལུ་ཡང་ བསང་གཏང་ནི་གི་སྲོལ་ཁྱུན་མ་ཉམས་པར་ ལག་ལེན་འཐབ་བཞིན་དུ་ཡོད་རུང་ རང་བཞིན་ཉམས་སྲུང་གི་ སྲིད་བྱུས་དང་འཁྲིལཝ་ད་ བསང་གི་ལག་ལེན་འདི་ལུ་ ལྟ་ཞིབ་ཚུ་མ་འབད་བ་ཅིན་ རང་བཞིན་གྱི་སྐྱེ་ལྡན་ལུ་ ཉམས་ཉེན་ཡོད་པའི་མངོན་གསལ་བྱུངམ་ཨིན་པས།

བསང་རྫས་ཀྱི་དོན་ལུ་ ནགས་ཚལ་ལས་ཁུངས་ནང་ལས་ཆོག་ཐམ་བཏོག་སྟེ་ཚུལ་མཐུན་ཐོག་ ཤིང་སྣའི་བསང་རྫས་ཀྱི་རིགས་གཅད་དགོཔ་ཨིན་རུང་ གྲོང་གཡུས་ཚུ་ནང་ལས་ཕར་ བསང་རྫས་ཚུ་ཆོག་ཐམ་མེད་པར་ ག་ལྷོད་གཅད་འབག་དོ་ཡོད་མི་ལུ་བརྟེན་ བསང་རྫས་ཀྱི་གཞི་གཙོ་བོ་ཅིག་ཨིན་མི་ ས་ཁ་མཐོ་སའི་བསང་རྫས་བ་ལུ་སུ་ལུ་གི་རིགས་ཚུ་ལུ་ ཉམས་ཉེན་ཡོདཔ་མ་ཚད་ དེ་དང་འབྲེལ་བའི་སྐྱེ་ལྡན་རིགས་སྣ་ཚུ་ལུ་ཡང་གནོད་ཉེན་ཡོད་ཟེར་ཨིན་པས།
གཡུས་མི་ཚུ་གིས་ སྔོན་དང་ཕུ་གི་སྲོལ་ཁྱུན་ལྟར་དུ་འབད་ ལོ་བསྟར་བཞིན་དུ་བསང་རྫས་གཅད་པར་སོང་ཞིནམ་ལས་ རང་སོའི་སྒེར་དོན་ལུ་ ལག་ལེན་འཐབ་མི་དེ་ ཡུན་གནས་ལམ་ལུགས་དང་འབྲེལ་བའི་ ལམ་སྲོལ་ཅིག་ཨིན་པས།
བསང་རྫས་ཀྱི་རྟ་སྦེ་ལག་ལེན་འཐབ་མི་ བ་ལུ་སུ་ལུ།
དེ་འབདཝ་ད་ ད་རེས་ནངས་པ་ ཚོང་འབྲེལ་འབབ་ཁུངས་བཟོ་ནིའི་དོན་ལུ་ བསང་རྫས་གཅད་ཞིནམ་ལས་ཁྲོམ་ཁར་བཙོང་མི་ཚུ་གིས་ ག་ཐོབ་འབད་ཚད་ལས་བརྒལ་ཏེ་གཅད་འབག་འོང་དོ་ཡོདཔ་ལས་ ཡུན་གནས་འཛིན་སྐྱོང་འཐབ་མ་ཚུགས་པའི་གནོད་ཉེན་ཚུ་ཡོད་ཟེར་ ནགས་ཚལ་ལས་ཁུངས་ཀྱི་འགོ་དཔོན་ ཡོན་ཏན་གྱིས་བཤདཔ་ཨིན་པས།
བསང་རྫས་དང་ སྤོས་བཟོ་ནིའི་དོན་ལུ་ ཤིང་སྣ་གཙོ་བོ་ བ་ལུ་སུ་ལུ་དང་ ཤུག་པ་ཤིང་ཚུ་ལག་ལེན་འཐབ་དོ་ཡོདཔ་ལས་ ནགས་ཚལ་ལས་ཁུངས་ བརྡ་དོན་སྡེ་ཕྲན་གྱི་ གནས་ཐོ་དང་འཁྲིལཝ་ད་ ནགས་ཚལ་ལས་ཆོག་ཐམ་ལེན་ཐོག་ སྤྱི་ལོ་༢༠༠༧ དང་༢༠༠༨ ཀྱི་ནང་འཁོད་ལུ་ བ་ལུ་སུ་ལུ་ཀེ་ཇི་༡༨༢༢ བསྡུ་བསྒྱོམ་འབད་ཡོདཔ་ད་ སྤྱི་ལོ་༢༠༠༨ དང་༢༠༠༩ ལུ་ཀེ་ཇི་༢༡༨ སྤྱི་ལོ་༢༠༡༠ དང་༢༠༡༡ ལུ་ཀེ་ཇི་༢༠༠ འབག་ཡོད་མི་ཚུ་ག་ར་ སྤོས་བཟོ་གྲྭ་ཁང་ཚུ་གི་ དོན་ལུ་ཨིན་པས།
དེ་འབདཝ་ད་ གཡུས་ཁ་ལུ་རང་སོའི་སྒེར་དོན་དང་ ཁྲོམ་ཁར་ལས་ཕར་བཙོང་པར་འབག་འོང་མི་ཚུ་གིས་ ནགས་ཚལ་ལས་ཁུངས་ནང་ལས་ཆོག་ཐམ་ལེན་དོ་ཡོདཔ་ཨིན་ན་ མེན་ན་མི་ཤེས་པས་ཟེར་ཨིན་པས།
ཤུག་པ་ཤིང་གི་ལག་ལེན་དེ་ གནས་ཐོའི་ནང་གསལ་བཀོད་འབད་མི་དང་འཁྲིལཝ་ད་ ལོ་བསྟར་བཞིན་དུ་ ཡར་སེང་སོང་དོ་ཡོད་པའི་མངོན་གསལ་བྱུང་མི་དེ་ཡང་ སྤྱི་ལོ་༢༠༠༨ དང་༢༠༠༩ གི་ནང་འཁོད་ལུ་ ཤུགཔ་ཤིང་དོས་སྣུམ་འཁོར་ཊག་༤ འབག་སོང་ཡོད་པའི་ཁར་ སྤྱི་ལོ་༢༠༠༩ དང་༢༠༡༠ལུ་ དོས་ཊག་༧ དང་ སྤྱི་ལོ་༢༠༡༠ དང་༢༠༡༡ ལུ་ ཊག་༡༠ འབག་སོང་ཡོདཔ་ཨིན་པས།
ཤུག་པ་ཤིང་དེ་ སྤོས་བཟོ་ནིའི་དོན་ལུ་ རྒྱུ་རྫས་གཙོ་བོ་ཅིག་འབད་ལག་ལེན་འཐབ་དོ་ཡོདཔ་ད་ ཤིང་དེ་ དུམ་ཐུང་ཀུ་འབད་བཏུབ་ཞིནམ་ལས་ ཕྱེ་འཐག་ནིའི་འཕྲུལ་ཆས་ནང་བླུགས་ཏེ་འཐག་པའི་ཤུལ་ལུ་ སྤོས་བཟོ་ནིའི་དོན་ལུ་ལག་ལེན་འཐབ་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ བ་ལུ་སུ་ལུའི་རིགས་ཚུ་ ས་ཁ་མཐོ་སར་སྐྱེས་མིའི་བསང་གི་རིགས་ཅིག་འབད་ནི་དེ་གིས་ ཚར་ཅིག་བཅད་ཞིནམ་ལས་ ལོག་སྐྱེ་ནི་ལུ་ དུས་ཚོད་འགོར་ཏེ་མགྱོགས་པར་སྐྱེས་མ་ཚུགས་མི་ཅིག་ཨིནམ་ལས་ ཚད་ལས་བརྒལ་ཏེ་གཅད་པ་ཅིན་ སྐྱེ་ལྡན་ལུ་གནོད་ཉེན་འབྱུང་བའི་ཉེན་ཁ་ཡོད་ཟེར་ཨིན་པས།
སྤྱིར་བཏང་བསང་ཤིང་དེ་ཚུ་གི་ལག་ལེན་དང་འབྲེལ་བའི་ ཞིབ་འཚོལ་ཅིག་མ་འབད་ཚུན་ཚོད་ ཧ་གོ་མི་ཚུགས་ནི་ཨིན་རུང་ གནོད་ཉེན་དེ་ཐོན་བཞིན་དུ་རང་ཡོད་ཟེར་ཨིན་པས།
གཞན་ཡང་ ཙན་དན་དཀར་དམར་དང་ གུ་གུལ་ལ་སོགས་པའི་ ཤིང་སྣ་སྨན་སྣ་དཀོན་དྲག་ཅན་ཚུ་ ལག་ལེན་འཐབ་དོ་ཡོདཔ་ལས་ དེ་ཚུ་གི་ལག་ལེན་ཚད་ལས་བརྒལ་སོ་པ་ཅིན་ སྐྱེ་ལྡན་རིགས་སྣ་དེ་ཚུ་ལུ་ ཉམས་ཉེན་ཡང་འདུག་ཟེར་ཨིན་པས།
དེ་མ་ཚད་ བྱ་རྒྱུད་བསང་གི་རིགས་ཚུ་ནང་ དཀོན་དྲག་ཅན་ཅིག་ཨིན་མི་ རི་དྭགས་སེམས་ཅན་ཚུ་ལས་ཐོན་པའི་ རྒྱུ་རྫས་ དཔེར་ན་ གླ་རྩི་དང་ གི་ཝང་ཚུ་ཡང་ ལག་ལེན་འཐབ་དོ་ཡོདཔ་ད་ དེ་ཚུ་ཡོད་པ་ཅིན་ སྤོས་དང་བསང་སྤུས་ཚད་ཅན་གྱི་གྲས་ཁར་བརྩིཝ་ཨིནམ་ལས་ གལ་སྲིད་དེ་བཟུམ་མའི་ སྤོས་རིགས་ཀྱི་དོན་ལུ་ གཙོ་བོར་བསྟེན་མི་འཐོན་པ་ཅིན་ རི་དྭགས་སྲུང་སྐྱོབ་ལུ་ཡང་ གནོད་ཉེན་ཡོདཔ་ལས་ རང་བཞིན་སྲུང་སྐྱོབ་དང་འབྲེལ་བའི་ ཚ་གྱང་ཚུ་ཡང་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment