ཨ་ཙ་ར་གིས་ ཨམ་སྲུ་ཚུ་ལུ་ བུའི་དངོས་གྲུབ་ཀྱི་ དབང་གནང་པའི་བསྒང་། |
༉ དུས་ཅི་ སྤ་རོ་རྫོང་ཁག་ནང་ ཞི་བདེ་དང་ ལོ་ཐོག་ཚུ་ལེགས་ནི་མས་ཟེར་བའི་ སྔོན་རྟགས་དེ་ ལོ་བསྟར་སྤ་རོ་ཚེས་བཅུའི་སྐབས་ ཨ་ཙ་ར་གོངམ་གིས་ མོ་བཏབ་མིའི་ནང་ལས་ མངོན་གསལ་བྱུངམ་ཨིན་པས།
དེ་ཡང་ ཚེས་བཅུ་འགོ་མ་བཙུགས་པའི་ཉིནམ་གཅིག་གི་ཧེ་མར་ ནང་འཆམ་ཟེར་ རྫོང་གི་རྡོ་གཅལ་ནང་ འཆམ་རྐྱབ་པའི་སྐབས་ ཨ་ཙ་ར་གོངམ་གིས་ ལིངྒ་ནང་ཡོད་པའི་བསྟན་པའི་དགྲ་བོ་བསྒྲལ་བའི་ཤུལ་ལུ་ ལིངྒ་དེ་ གྲུ་གསུམ་ལས་འཐུ་སྟེ་ རྡོ་གཅལ་སྐོར་ར་རྐྱབ་ཞིནམ་ལས་ ག་ལྷོད་བཀོག་བཏང་བའི་སྐབས་ ཧཱུྃ་རལ་བྱག་གི་ཁ་ཐུག་ལུ་ རྫོང་གི་སྒོ་ཅུང་ནང་ལས་ཐོན་ཡར་སོཔ་ལས་ ཞི་བདེ་འབྱུང་ནིའི་བརྡ་མཚོན་སྦེ་ཆ་བཞགཔ་ཨིན་པས།
དུས་ཅི་འབདཝ་ད་ ལོ་ངོ་༢༩ གི་རིང་ལུ་ ཨ་ཙ་ར་གོངམ་སྦེ་ ཕྱག་ཞུ་མི་ཀུན་ལེགས་ཀྱིས་ སླབ་མིའི་ནང་ གལ་སྲིད་ ལིངྒ་དེ་ གྱང་རྩིགཔ་གུ་ལུ་ ཐོགས་ལུས་པ་ཅིན་ རྟེན་འབྲེལ་བཟང་པོ་ལུ་ མི་གྱུར་བའི་ཁར་ རེ་ཚེ་སྐབས་ ལིངྒ་དེ་ལྟདམོ་ལྟ་མི་ཚུ་ལུ་ཡང་ ཕོག་ནི་ཡོད་ཟེར་ཨིན་པས།
ཕམ་རྒས་ཤོས་ཚུ་གི་ ཁ་རྒྱུན་དང་འཁྲིལ་བ་ཅིན་ ལངིྒ་ཕོག་མི་དེ་ ལོ་ཤུལ་མམ་གི་ ཚེས་བཅུ་མཇལ་བར་ ལྷོད་མི་ཚུགས་ཟེར་ སླབ་སྲོལ་ཡོད་མི་དེ་ཡང་ མི་དེ་གི་ཚེ་ལུ་ ཐོ་ཕོག་འོང་ཟེར་བའི་རྟགས་ཨིན་པས།
ལྟདམོ་ལྟ་མི་ཚུ་གིས་ཡང་ སྒོ་སྒྲིག་གི་མདུན་ཕྱོགས་ལུ་མི་སྡོད་པའི་ཁར་ ལིངྒ་དེ་ གླིང་ཀའི་སྒོ་སྒྲིག་ནང་ལས་མར་ཐོན་འགྱོ་བ་ཅིན་ རྟེན་འབྲེལ་བཟང་པོ་ཨིན་ཟེར་བརྩི་མི་དེ་ སྒོ་སྒྲིག་དེ་གི་འོག་ལུ་ ཧུྃ་རལ་མགོན་པོའི་ཕོ་བྲང་ཡོདཔ་ལས་ གཏོརམ་དེ་གནས་བདག་གིས་བཞེས་པའི་རྟགས་ཨིན་ཟེར་ཨིནམ་ད་ ཨ་ཙ་ར་གོངམ་ཁོ་ར་ལུ་ཡང་ གནས་བདག་བཞུགས་ཏེ་འཆམ་རྐྱབ་དོ་ཟེར་ སླབ་སྲོལ་ཡོདཔ་ཨིན་པས།
ཨ་ཙ་ར་གིས་ ལིངྒ་དགྲ་བོ་བསྒྲལ་བའི་སྐབས་ལུ་ ད་ལྟོའི་བར་ན་ཡང་ ལྟདམོ་ལྟ་མི་ཚུ་གིས་ སྒོ་སྒྲིག་གི་སྦོ་ལོགས་ཁར་སྡོད་ནི་མེད་ཟེར་ཨིནམ་ད་ མ་གཞི་ ལིངྒ་དེ་ ག་ལྷོད་སྦེ་བཀོཝ་ཨིན་རུང་ རྫོང་ཁག་ནང་ཞི་བདེ་འབྱུང་ནི་ཨིན་པ་ཅིན་ སྒོ་སྒྲིག་ནང་ལས་ཐོན་འགྱོ་འོང་ཟེར་ཨིན་པས།
སྤ་རོ་རབ་སྡེའི་བླམ་གནས་བརྟན་ འཇམ་དཔལ་གྱིས་གསུངས་དོ་བཟུམ་འབད་བ་ཅིན་ དེ་ཚུ་འཇིག་རྟེན་པའི་མནོ་ལུགས་བཟུམ་ཅིག་འོང་ནི་ཨིན་མི་དེ་ཡང་ དེའི་སྐོར་ལས་གནས་ཡིག་དང་ དཔེ་ཆ་ཚུ་ནང་བཀོད་དེ་མིན་འདུག་ཟེར་ཨིན་པས།
རྫོང་ཁག་ནང་ ལོ་ཐོག་ལེགས་ཉེས་ཀྱི་ རྟགས་མཚན་ ད་རུང་གཞན་མི་ཅིག་ ཨ་ཙ་རའི་མཛར་ཅུམ་ཟེར་ རྫོང་ཁག་བདག་སྐྱོང་དང་རབ་སྡེའི་ཁ་ཐུག་ལས་ ཨ་ཙ་ར་ཚུ་ལུ་ ལྟོ་དང་སྤགས་ དེ་ལས་ ཆང་བཀལ་ཏེ་ མཛར་ཅུམ་བཟའ་བཅུག་པའི་སྐབས་ ཨ་ཙ་ར་གོངམ་གིས་ སྟོནམ་ལྟ་མིའི་གྲས་ལས་ ལྟོ་བང་ཅུང་ཅིག་ འཕྱོག་འབག་མིའི་ནང་ ལྟོ་ལྟེམ་ལྟེ་སྦེ་གང་སྟེ་ཡོད་པ་ཅིན་ ལོ་ཐོག་ལེགས་ཟེར་ཨིནམ་ལས་ ཀུན་ལེགས་ཀྱིས་འབད་བ་ཅིན་ ཁོ་གིས་ འཕྱོག་མི་བང་ཅུང་དེ་ནང་ ལྟོ་ལྟེམ་ལྟེ་སྦེ་བཀང་སྟེ་འདུག་ཟེར་ཨིན་པས།
གལ་སྲིད་ བང་ཅུང་འདི་ནང་ ལྟོ་ལེགས་ཤོམ་སྦེ་མ་གང་མི་ཚུད་པ་ཅིན་ ལོ་ཐོག་མི་ལེགས་ཟེར་ཨིནམ་བཞིན་དུ་ ལོ་ཐེངས་གཅིག་འབདཝ་ད་ ཁོ་གིས་ འཕྱོག་འབག་མི་ ལྟོའི་ཊི་ཕིན་ཅིག་ནང་ རྒྱ་ཆུམ་གྱི་ལྟོ་ཕྱེད་ཀ་འབད་མི་ཅིག་ཚུདཔ་ལས་ ལོ་དེ་ནང་ སྤ་རོ་ལུ་ ལོ་ཐོ་ལེགས་མ་བཏུབ་ལས་ གཡུས་མི་ཚུ་ རྒྱ་ཆུམ་ཉོ་བཟའ་དགོཔ་བྱུང་ཡི་ཟེར་ཨིནམ་ད་ གཡུས་ཁའི་ཕམ་རྒས་ཤོ་ཚུ་གིས་འབད་རུང་ ཨ་ཙ་ར་གིས་མོ་བཏབ་ཀྱི་རྟགས་མཚན་འདི་ལུ་ ཡིད་ཆེས་སྦོམ་སྦེ་ར་བསྐྱེད་དོ་ཡོདཔ་ཨིན་པས།
ཨ་ཙ་ར་གོངམ་གིས་བཙུགས་མི་འབགཔ་དེ་ རྗེ་ཡེ་ཤེས་ཕྱོགས་ལས་ཀྱིས་ ཧུྃ་རལ་མགོན་པོའི་ཞལ་ལས་ རྟ་དྲང་སྟེ་བཟོ་གནང་གནངམ་འབད་ནི་དེ་གིས་ གཏེར་འབགཔ་ཟེར་སླབ་སྲོལ་ཡོད་པའི་ཁར་ འབགཔ་དེ་གནསཔོ་ཞི་བ་སྦེ་བཞུགས་པའི་ཚུལ་བཏོནམ་ཨིན་ཟེར་ སླབ་ནི་འདུག།
སྐྱེས་ལོ་༥༠ ལང་མི་ ཀུན་ལེགས་ཀྱིས་འབད་བ་ཅིན་ ད་ཚུན་གྱི་རིང་ལུ་ ཨ་ཙ་ར་གོངམ་འབད་ རྩེད་མི་དེ་གིས་ ལོ་དང་ན་ཚོད་ཀྱི་ལྕོགས་གྲུབ་མེདཔ་མ་འགྱོ་ཚུན་ཕྱག་ཞུ་ནུག་ཟེར་ཨིནམ་ད་ དེ་ཡང་ ཨ་ཙ་ར་གོངམ་སྦེ་བཅའ་མར་གཏོགས་ཞིནམ་ལས་ ཧུྃ་རལ་མགོནམ་གིས་བཏང་མི་བཏུབ་ཟེར་ཨིནམ་ད་ ཁོ་གིས་དགོངས་ཞུ་འབད་ནི་སྦེ་ ལན་ཐེངས་༣ དཔའ་བཅམ་རུང་ གནསཔ་དེ་གིས་གནང་མ་བཏུབ་ཟེར་མི་དེ་ཡང་ ཁོ་གི་གཉིད་ལམ་ནང་རྟགས་མཚན་ཚུ་བཏོན་པའི་ཁར་ དགོངས་ཞུ་འབད་ནིའི་དོན་ལུ་ གནསཔོ་ལས་ཤོ་ལན་ཐེངས་༣ ཞུ་བའི་སྐབས་ ལན་ཐེངས་གསུམ་ཆ་རང་བཟང་མ་བཏུབ་ཟེར་ཨིན་པས།
ཀུན་ལེགས་ཀྱིས་འབད་བ་ཅིན་ མ་གཞི་ཁོ་ལུ་དགོད་བྲ་འབད་ནི་དང སྙན་ཚིག་སླབ་ནི་ ལུས་ཀྱི་རྣམ་འགྱུར་བཏོན་ནི་ དེ་ལས་ བཤད་པ་རྐྱབ་ནི་ཚུ་ལུ་ མཁས་རིག་འཇོན་ཐངས་ཚུ་མེདཔ་ཨིན་རུང་ ཞལ་འབགཔ་དེ་བཙུགས་པའི་བསྒང་ལས་ མི་ཅིག་གིས་རྒྱབ་ཁ་ལས་སྟོན་བྱིན་དོ་བཟུམ་སྦེ་ རང་བཞིན་གྱིས་ དགོད་བྲ་ཚུ་ཐོནམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འདི་བཟུམ་གྱི་ཚོར་སྣང་དེ་ ཁོ་རྐྱངམ་གཅིག་ལུ་བྱུང་བྱུངམ་མེན་པར་ ཧེ་མ་ སྤ་རོ་དབུས་སུ་ནང་ལས་ སྐྱེས་ལོ་༨༠ ལང་མི་ཅིག་གིས་ཡང་ ཨ་ཙ་ར་གོངམ་འབད་ཕྱག་ཞུ་བའི་སྐབས་ལུ་ ཚོར་སྣང་ཚུ་ཅོག་ཐདཔ་ར་བྱུང་ནུག་ཟེར་ཨིན་པས།
ཨ་རྒས་དེ་སྐདཔ་བཀུག་སྟེ་ ལམ་འགྱོ་མ་ཚུགས་པའི་གནས་སྟངས་ལུ་ལྷོད་རུང་ མི་ཚུ་གིས་ བཟུང་ཁྱིད་ཞིནམ་ལས་ རྡོ་གཅལ་ནང་བཀལ་ཏེ་ འབགཔ་བཙུགས་བྱིན་པའི་སྐབས་ སྐདཔ་ཕྲང་པའི་ཁར་ ཁ་ལས་དགོད་བྲ་སླབ་ གཟུགས་ཀྱིས་ རྣམ་འགྱུར་བཏོན་ཏེ་ འཆམ་རྐྱབ་ཚུགས་པའི་ལོ་རྒྱུས་ཡང་སླབ་ནི་འདུག་ཟེར་ཨིནམ་ད་ ཁོ་གིས་རང་འབད་རུང་ འབགཔ་བཙུགས་པའི་སྐབས་ལས་ གཞོནམ་ཚུ་དང་གཅིག་ཁར་ འཆམ་འདྲན་འདྲ་རྐྱབ་ནི་ལུ་དཀའ་ངལ་མིན་འདུག་ཟེར་ཨིན་པས།
ཚེས་བཅུའི་སྐབས་ལུ་ སྟོནམ་དགའ་ཤོས་དེ་ ཨ་ཙ་ར་གོངམ་གིས་ གནསཔོ་གི་ཚུལ་སྟོན་ཏེ་ ལག་པར་ཕོ་མཚན་འབག་ ཨ་ལུ་སྐྱེས་མ་བཏུབ་པའི་ཨམ་སྲུ་ཚུ་ལུ་ དབང་གནང་ཐོག་ལས་ བུའི་དངོས་གྲུབ་གནང་དོ་ཡོདཔ་ད་ དབང་ཞུ་མིའི་གྲས་ཁར་ ཨམ་སྲུ་ཅིག་གིས་འབད་བ་ཅིན་ མོ་ལུ་ཨ་ལུ་མེདཔ་ལས་ བུའི་དངོས་གྲུབ་ཞུ་བར་འོང་ཡི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
No comments:
Post a Comment