ཁྱུང་སྡེ་ཚན་གྱི་ མདའ་རྩེདཔ་ཚུ་གིས་ སྐུགས་ཆོད་པའི་ དཔའ་སྐད་རྐྱབ་པའི་བསྒང་། |
དེ་ཡང་ ཁྱུང་སྡེ་ཚན་གྱིས་ ཉིན་མའི་ལྟོ་ མ་ཟ་བའི་ནང་འཁོད་ སྐུགས་ཆོད་ནི་ལུ་ ད་རུང་སྐུགས་ཐེབས་༨ འཐོབ་དགོཔ་ཡོདཔ་ད་ སྐོར་ཐེངས་དེ་ནང་ སྡེ་ཚན་གྱིས་ སྟབས་གཅིག་ཁར་ བཀག་རེག་གཅིག་དང་ མདའ་ཡ་༣ རྐྱབ་ཡོད་མི་དེ་ བྱང་ཕྱད་སྡེ་ཚན་གྱིས་ བཏོག་མ་ཚུགསཔ་ལས་ སྐུགས་༢༢ ལ་ལྷོད་ཅི།
ཁྱུང་སྡེ་ཚན་གྱིས་ ཉིན་མའི་ཆུ་ཚོད་༡༡.༤༥ ལུ་ བཀག་རེག་༡ དང་ མདའ་ཡ་༢ རྐྱབ་སྟེ་ སྐུགས་དང་པམ་དེ་ ཆོད་ཡོདཔ་ད་ དེ་སྐབས་ ན་གཞོན་༡༣ སྡེ་ཚན་གྱིས་སྐུགས་༤ ལས་བརྒལ་ཐོབ་མ་ཚུགས་པས།
ལྟོ་ཟ་ཞིནམ་ལས་ སྐོར་ཐེངས་དང་པ་ འགོ་བཙུགས་པའི་སྐབས་ལུ་ ཁྱུང་སྡེ་ཚན་གྱིས་བཀག་རེག་རྐྱབ་སྟེ་ སྐུགས་ཐོབ་ཡོདཔ་བཞིན་དུ་ སྐོར་ཐེངས་༢ པའི་ནང་ སྐུགས་༧ ཐོབ་རུང་ ན་གཞོན་༡༣ གྱིས་ སྐུགས་༡ ཡང་ཐོབ་མ་ཚུགས་པས།
ཕྱི་རུའི་ཆུ་ཚོད་༤ དེ་ཅིག་ཁར་ ཁྱུང་སྡེ་ཚན་གྱིས་ སྐུགས་༡༩ ཐོབ་པའི་སྐབས་ གཞན་མི་སྡེ་ཚན་གྱིས་ སྐུགས་༨ ལས་ཐོབ་མ་ཚུགསཔ་ད་ དུས་ཚོད་ཧ་ལམ་མཇུག་བསྡུ་རན་ཁར་ ཁྱུང་སྡེ་ཚན་གྱིས་ སྐུགས་༢༢ ཐོབ་ནུག།
སྐོར་ཐེངས་མཇུག་གི་༢ པའི་ནང་ ཁྱུང་སྡེ་ཚན་གྱིས་ ཆོད་ནིའི་དོན་ལུ་ བཀག་རེག༡ དང་ མདའ་ཡ་༢ རྐྱབ་སྟེ་ སྐུགས་ཆོད་ནི་གུ་ལྷོདཔ་ད་ བྱང་ཕྱད་སྡེ་ཚན་ལས་ མདའ་དཔོན་ཟེར་ མ་དེ་གིས་ བཀག་རེག་རྐྱབ་སྟེ་ སྐུགས་བཏོག་བཏངམ་ལས་བརྟེན་ ཆོད་མ་ཚུགས་རུང་ སྐོར་ཐེངས་མཇུག་གི་ནང་ བཀག་རེག་དང་མདའ་ཡ་ཚུ་རྐྱབ་ཡོད་མི་དེ་ བྱང་ཕྱད་ཀྱིས་བཏོག་མ་ཚུགསཔ་ལས་ རྒྱལ་ཁ་ཐོབ་ཅི།
གཞན་མིའི་ རྩེད་འགྲན་ནང་འབད་བ་ཅིན་ ཀེ་ཊི་ཌི་སྡེ་ཚན་གྱིས་ སྐུགས་དང་པམ་དེ་ཆོད་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༨ ལས་བརྒལ་ཐོབ་མ་ཚུགསཔ་ཨིན་རུང་ ཉིན་མའི་ལྟོ་ཟ་ཞིནམ་ལས་ ཕྱི་རུ་ཆུ་ཚོད་༣ ཚུན་ དྲི་སི་ཨེ་སྡེ་ཚན་གྱིས་ དོ་འགྲན་ལེགས་ཤོམ་འབད་མི་ལུ་བརྟེན་ གཞན་མི་སྡེ་ཚན་གྱིས་ བཀག་རེག་དང་ མདའ་ཡ་ག་དེམ་ཅིག་རྐྱབ་རུང་ སྐུགས་རྩིས་མ་བཅུག་པར་བཞག་ནུག།
ཕྱི་རུའི་ ཆུ་ཚོད་༤.༣༠ དེ་ཅིག་ཁར་ སྡེ་ཚན་༢ ཆ་རའི་ཁ་ཐུག་ལས་ རྩེད་འགྲན་ཚུ་ དོ་འགྲན་ཅན་གྱི་ཐོག་ལུ་འབད་ཡོད་རུང་ དུས་ཚོད་ཚང་སྟེ་ མདའ་མཇུག་བསྡུ་བའི་སྐབས་ལུ་ ཀེ་ཊི་ཌི་སྡེ་ཚན་གྱིས་ སྐུགས་༡༢ དང་བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༩ ཐོབ་ཡོདཔ་ལས་ སྡེ་ཚན་གཉིས་ཀྱི་བར་ནང་ རྒྱལ་ཕམ་ཕྱེ་ནིའི་དོན་ལུ་ ད་རིས་ དྲོ་པའི་ ཆུ་ཚོད་༨ ལས་ རྩེད་འགྲན་འཕྲོ་མཐུད་འབད་ནི་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment