གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྙིང་ཤོས་ཅིག་ཨིན་མི་ གློག་མེ་འཕྲུལ་ཁང་ ཉམས་བཅོས་འབད་དོ་ཡོདཔ།

༢༩/༨/༢༠༡༢    ༉ བཀྲིས་སྒང་ཆེ་ན་རི་ལུ་ཡོད་པའི་ གློག་མེ་འཕྲུལ་ཁང་ཆུང་བ་དེ་ལུ་ ཆུ་རུད་ཀྱིས་ གནོད་སྐྱོན་རྐྱབ་སྟེ་ ལོ་༨ ལང་བའི་རྒྱབ་ལས་ ད་རེས་ ཉམས་བཅོས་ཀྱི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ད་ གློག་མེ་འཕྲུལ་ཁང་དེ་གིས་ གློག་ཤུགས་ཀི་ལོ་ཝཱཊ་༧༠༠ ཐོན་སྐྱེད་འབད་དོ་ཡོདཔ་ཨིན་པས།
ཆུ་རུད་ཀྱིས་མེདཔ་བཏང་མི་ ཆེ་ན་རི་ གློག་མེ་འཕྲུལ་ཁང་ཆུང་བའི་ ཆུ་ལམ་རྩིག་བྱང་ཚུ་ ཉམས་བཅོས་འབད་བའི་བསྒང་།


གློག་མེ་འཕྲུལ་ཁང་དེ་ ཆུ་ཁ་གློག་མེ་ལས་འགུལ་གྱི་ ཧེ་མ་ལས་ གཞི་བཙུགས་འབད་ནི་དེ་གིས་ རྒྱལ་ཁབ་ནང་ གློག་མེ་འཕྲུལ་ཁང་ རྙིང་ཤོས་ཅིག་ཨིནམ་ད་ དེ་ཡང་ བཀྲིས་སྒང་ལུ་སྡོད་མི་༦༠༠ དེ་ཅིག་གི་ གློག་མེའི་ཞབས་ཏོག་བསྒྲུབ་ནིའི་དོན་ལུ་ གློག་མེ་ལས་ཁུངས་ཀྱིས་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༠༤ ལུ་ བམ་རི་ཆུ་ནང་ ཆུ་རུད་ཐོན་ནི་དེ་གིས་ གློག་མེ་འཕྲུལ་ཁང་དེ་ ཡུདཔ་ཐེངས་ཅིག་ནང་ར་ ཉམས་སྐྱོན་ཤོར་ཡོདཔ་ཨིན་པས།
བཀྲིས་སྒང་འབྲུག་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་འགོ་དཔོན་གཙོ་འཛིན་ བློ་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ ཆུ་རུད་ཐོན་པའི་སྐབས་ལུ་ གློག་མེ་འཕྲུལ་ཁང་དང་ གཙང་ཆུ་༢ ཀྱི་བར་ནའི་ འབྲེལ་ལམ་དེ་ འཕྱགས་བདའ་ཡོདཔ་ལས་ གཞུང་གིས་ ཅ་ཆས་ལག་ལེན་འཐབ་མ་བཏུབ་མི་ཚུ་ ཚོང་འབྲེལ་འཐབ་ནི་ལུ་ འཆར་གཞི་ བརྩམས་ནུག་ཟེར་ཨིན་པས།
ཨིན་རུང་ འབྲུག་གློག་མེ་ལས་འཛིན་གྱིས་ རྒྱལ་ཁབ་ནང་ རྙིང་ཤོས་ཅིག་ཨིན་མི་ གློག་མེ་འཕྲུལ་ཁང་དེ་ ལོག་བསྐྱར་འཛུགས་འབད་ནི་སྦེ་ གྲོས་ཐག་བཅད་ཡི་ཟེར་ བློ་བཟང་རྡོ་རྗེ་གིས་ སླབ་ཅི།
ཟད་འགྲོ་དངུལ་ཀྲམ་ས་ཡ་༡༨ གནས་ནི་ཨིན་མི་ ཉམས་བཅོས་ཀྱི་ལཱ་ཚུ་ སྤྱི་ལོ་༢༠༡༡ གི་ཟླཝ་༡༠ པའི་ནང་ལས་ འགོ་བཙུགས་ཡོདཔ་ད་ ད་རེས་ཀྱི་གནས་སྟངས་ནང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༥ གནས་པའི་ གློག་མེ་འཕྲུལ་ཁང་དང་ གཙང་ཆུ་བར་ནའི་ མཐུད་འབྲེལ་གྱི་ལཱ་ཚུ་ འབད་བའི་བསྒང་ཡོད་ཟེར་ བཀྲིས་སྒང་འབྲུག་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་འགོ་དཔོན་འོག་མ་ སངས་རྒྱས་རྡོ་རྗེ་གིས་ སླབ་ཨིན་པས།
དེ་དང་འཁྲིལ་ གློག་མེ་འཕྲུལ་ཁང་གི་ གཞི་རྟེན་མཁོ་ཆས་ ཊར་བའིན་དང་ ཇེ་ནི་རེ་ཊར་ དེ་ལས་ ཀཱན་ཊོལ་པེ་ནཱལ་ཚུ་ བཟོ་སྐྲུན་འབད་ནིའི་ལཱ་ཚུ་ སྤྱི་ལོ་༢༠༡༣ ལས་རྐྱངམ་གཅིག་ འགོ་བཙུགས་ཏེ་ སྤྱི་ལོ་༢༠༡༤ ལས་ གློག་མེ་ཐོན་སྐྱེད་འབད་ནི་ འགོ་བཙུགས་འོང་ཟེར་ཨིན་པས།
བཀྲིས་སྒང་འབྲུག་གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ མ་གཞི་ གློག་མེ་འཕྲུལ་ཁང་དེ་གིས་ བཀྲིས་སྒང་ལུ་སྡོད་མི་ ག་ར་ལུ་ལང་ཚུགས་པའི་ གློག་ཤུགས་ཐོན་སྐྱེད་ འབད་མི་ཚུགས་ནི་ཨིན་རུང་ རྫོང་ཁག་ནང་ གློག་མེ་བཀྲམ་སྤེལ་ ཡུན་བརྟན་བཟོ་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ཨིན་པས།
བློ་བཟང་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གློག་མེ་འཕྲུལ་ཁང་དེ་ནང་ལས་ ཐོན་སྐྱེད་འབད་མི་ གློག་ཤུགས་ཚུ་ ཀུར་རི་ཆུ་དང་ རང་འབྱུང་གློག་མེ་འཕྲུལ་ཁང་ཚུ་དང་ མཐུད་སྦྲེལ་འབད་ནི་ཨིན་ཟེར་ཨིནམ་ད་ ཉིན་མའི་དུས་ཚོད་ལུ་ གློག་ཤུགས་ཀྱི་ དགོས་མཁོ་ཆུང་བའི་སྐབས་ རྒྱ་གར་ལུ་ ཕྱིར་ཚོང་འཐབ་ནི་དང་ ཕྱི་རུའི་དུས་ཚོད་ལུ་ ནང་འཁོད་ཀྱི་དོན་ལས་ ལག་ལེན་འཐབ་ཚུགས་ཟེར་ཨིན་པས།
ཉམས་བཅོས་ཀྱི་ ལཱ་ཚུ་གི་དོན་ལུ་ འབྲུག་གློག་མེ་ལས་འཛིན་གྱིས་ ཟད་འགྲོ་ཚུ་ བཏང་དོ་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment