གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤོ་ཏ་ཟེ་དང་འབྲེལ་བའི་དཀའ་ངལ་ སེལ་ཐབས་འབད་དོ་ཡོདཔ།

༢༠/༨/༢༠༡༢   ༉ ད་རེས་ནངས་པ་ རྒྱལ་ཁབ་ནང་ ཤོ་ཏ་ཟེ་རྩེད་མིའི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོད་པའི་དཀའ་ངལ་དེ་ ག་དེ་སྦེ་ སེལ་ཐབས་འབད་ནི་ཨིན་ནའི་སྐོར་ལས་ ནང་སྲིད་ལྷན་ཁག་གིས་ ཐབས་ལམ་ཚུ་ བཏོན་པའི་བསྒང་ཡོདཔ་ཨིན་པས།


རྩེདམོ་དེ་ལུ་བརྟེན་ བཟའ་ཚང་ཁ་འབྱལ་ནི་དང་འབྲེལ་བའི་ དཀའ་ངལ་ལེ་ཤ་ཅིག་ར་ བྱུང་དོ་ཡོདཔ་མ་ཚད་ མི་ཕྱུགཔོ་ཚུ་ ཧེ་མ་བ་དྲགཔ་སྦེ་ ཕྱུགཔོ་འགྱོ་ནི་དང་ ལ་ལུ་ཅིག་ ཕམ་གྱིས་བསགས་པའི་ རྒྱུ་དངོས་ཚུ་བརླག་སྟེ་ ག་ནི་ཡང་མེད་པའི་ དཀའ་ངལ་ཚུ་ བྱུངམ་ཨིན་མས་ཟེར་ ནང་སྲིད་དང་སྲོལ་འཛིན་བློན་པོ་ མི་འགྱུར་རྡོ་རྗེ་གིས་གསུངས་ཡི།
བློན་པོ་གིས་འབད་བ་ཅིན་ མ་གཞི་ དེ་བཟུམ་མའི་ རྩེདམོ་རྩེད་ནི་དེ་ རྩ་བ་ལས་ར་ མ་ཆོགཔ་སྦེ་ བཟོ་ནིའི་འབདཝ་ད་ མི་སྡེའི་དབང་ཆ་ལུ་ཡང་ མནོ་བསམ་བཏང་དགོཔ་ཡོད་རུང་ གལ་སྲིད་ རྩོདམོ་དེ་གིས་ མི་སྡེ་ལུ་ གནོད་པ་སྦོམ་སྦེ་ར་ འབྱུང་པ་ཅིན་ བཀག་ཆ་འབད་དགོཔ་དེ་ ག་ནི་བ་ གལ་ཆེ་ཟེར་ བཤདཔ་ཨིན་པས།
དེ་འབད་ནི་དེ་གིས་ དེ་བཟུམ་གྱི་ ལཱ་བྱ་འཐབ་མི་ཚུ་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ མ་བཙུགས་པའི་ཧེ་མར་ མི་སྡེ་ལུ་ ཤེས་རྟོགས་དང་ གོ་བརྡ་སྤེལ་དགོཔ་དེ་ གལ་ཆེཝ་ལས་ རྫོང་བདག་དང་ རྫོང་ཁག་གི་ ཁྲིམས་སྲུང་སྡེ་འཛིན་ དེ་ལས་ ཁྲོམ་དཔོན་དང་ འབྲེལ་བ་ཅན་གྱི་འགོ་ཁྲིདཔ་ཚུ་གིས་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་དགོཔ་ཡོད་ཟེར་ཨིན་པས།
བློན་པོ་མི་འགྱུར་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ཐབས་ལམ་དེ་གིས་ ཕན་ཐོགས་ཅན་ཅིག་ འབྱུང་མ་ཚུགས་པ་ཅིན་ ཐབས་ལམ་གཞན་ཚུ་ བཏོན་དགོཔ་འོང་ཟེར་ཨིནམ་ད་ ཤོ་ཏ་ཟེ་ཚུ་ ས་གནས་ག་ཏེ་ལུ་ རྩེད་དོ་ཡོདཔ་ཨིན་ན་ ཤེས་གསལ་ཡོད་ཟེར་ཨིན་པས།
མི་མང་ཤོས་ཅིག་གིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ ཤོ་ཏ་ཟེ་རྩེད་མི་ མི་སྦོམ་དང་ ཕྱུགཔོ་ཚུ་འབད་བ་ཅིན་ འཛིན་བཟུང་མ་འབད་བའི་ཁར་ གལ་སྲིད་ འཛིན་བཟུང་འབད་རུང་ ཚ་ངེར་བཏོན་ཏེ་ ལོག་བཏངམ་མས་ཟེར་ སླབ་དོ་ཡོདཔ་ཨིན་རུང་ བློན་པོ་གིས་འབད་བ་ཅིན་ ཤོ་ཏ་ཟེ་རྩེད་མི་ཚུ་ལུ་ མི་སྦོམ་དང་ ཆུང་ཀུའི་དབྱེ་བ་ རྩ་ལས་ར་ ཕྱེ་ནི་མེད་ཟེར་ཨིན་པས།
ད་ལྟོ་ཚུན་ དཀའ་ངལ་དེ་ ག་དེ་སྦེ་ བསལ་ནི་ཨིན་ནའི་སྐོར་ལས་ གྲོས་བསྡུར་ཐེངས་དང་པ་ འགོ་འདྲེན་འཐབ་ཚར་ཡོདཔ་ད་ དེ་དང་བསྟུན་པའི་ གྲུབ་འབྲས་གཞན་ཡང་ བཏོན་འོང་ཟེར་ ནང་སྲིད་ལྷན་ཁག་གི་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
འབྲུག་རྒྱལ་ཁབ་འདི་ ཤོ་ཏ་ཟེ་རྩེད་སའི་ ས་ཁོངས་ཅིག་ལུ་ འགྱུར་བཅུག་ནི་མི་འོང་ཟེར་ བློན་པོ་གིས་ གསུངས་ཡོདཔ་བཞིན་དུ་ འདས་པའི་བདུན་ཕྲག་༢ ཀྱི་ཧེ་མར་ ཞིབ་འཚོལ་གྱི་ ལཱ་ཚུ་ཡང་ འགོ་བཙུགས་ཅི་ཟེར་ཨིན་པས།
བློན་པོ་གིས་ གསུངས་མི་དང་འཁྲིལཝ་ད་ ཤོ་ཏ་ཟེ་རྩེད་ནི་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱིས་གཙོས་པའི་ གཞན་མི་ཁྲིམས་ལུགས་ ལེ་ཤ་ཅིག་ནང་ར་ མ་ཆོགཔ་སྦེ་ བཀོད་དེ་ཡོད་ཟེར་ཨིན་པས།
ཧེ་མ་ ཤོ་ཏ་ཟེ་རྩེད་མི་ ཉམས་མྱོང་ཅན་ཅིག་གིས་ ཀུན་གསལ་ལུ་ ཁོ་རའི་ ཉམས་མྱོང་ཚུ་གི་སྐོར་ལས་ བཤད་མིའི་ནང་ རྩེདམོ་དེ་ལུ་བརྟེན་ བཟའ་ཚང་དང་འབྲེལ་བའི་ དཀའ་ངལ་བྱུང་མི་དེ་ ངེས་བདེན་ཨིན་ཟེར་ཨིནམ་ད་ ཤོ་ཏ་ཟེ་རྩེད་ནི་ལུ་ སེམས་ལང་ཤོར་ཐལ་བའི་ རྨགཔ་དང་ གནས་ཚང་ག་ར་འབད་རུང་ མི་གཞན་དང་གཅིག་ཁར་ འབྲེལ་བ་བྱུང་བའི་སྐབས་ ཁ་འབྱལ་ནིའི་དོན་ལུ་ གནད་དོན་དེ་ཚུ་ ལག་ལེན་འཐབ་མས་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment