གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམ་ཐང་དུར་མི་སྡེ་སློབ་གྲྭ་ནང་ སློབ་དཔོན་མ་ལང་པའི་དཀའ་ངལ།

༢༤/༨/༢༠༡༢     ༉ ཆོས་འཁོར་རྒེད་འོག་གི་ དུར་མི་སྡེ་སློབ་གྲྭ་ཆུང་བའི་ནང་ སློབ་དཔོན་མ་ལང་པའི་དཀའ་ངལ་ལུ་བརྟེན་ ད་ལྟོ་ཡོད་མི་ སློབ་དཔོན་བཞི་གིས་ ཨ་ལུ་ཚུ་ མཉམ་སྡེབ་ཐོག་ལུ་ སློབ་ཁང་ཅིག་ནང་བཞག་སྟེ་ སློབ་སྟོན་འབད་དོ་ཡོདཔ་ཨིན་པས།
དུར་མི་སྡེ་སློབ་གྲྭ་ཆུང་བ།


སློབ་གྲྭའི་སློབ་དཔོན་ རྣམ་རྒྱལ་བསྟན་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སློབ་གྲྭ་ནང་ སློབ་དཔོན་༦ ཡོད་ས་ལས་ ཧེ་མའི་དབུ་འཛིན་དགོངས་ཞུ་འབད་མི་དང་ གཞན་མི་སློབ་དཔོན་ཅིག་གིས་ འཕྲོ་མཐུད་དཔེ་ཆ་ལྷབ་ནིའི་དོན་ལུ་ སོང་བའི་ཤུལ་ལུ་ དཀའ་ངལ་དེ་ ཧེང་སྐལ་ར་ཡར་སེང་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་ལྟོ་ སློབ་གྲྭ་ནང་ དབུ་འཛིན་དང་གནས་སྐབས་ཀྱི་ མི་སྡེ་སློབ་དཔོན་ཅིག་རྩིས་ཏེ་ སློབ་སྟོན་འབད་མི་ སློབ་དཔོན་༤ ཡོད་རུང་ སློབ་གྲྭ་ནང་ སློབ་རིམ་༦ པ་ཚུན་ཡོད་ནི་དེ་གིས་ སློབ་དཔོན་གྱིས་ཁྱབ་མ་ཚུགསཔ་ལས་ གཅིག་ཁར་མཉམ་སྡེབ་འབད་དེ་ སློབ་སྟོན་འབདཝ་ཨིན་ཟེར་ཨིན་པས།
སློབ་རིམ་༢ གཅིག་ཁར་ སློབ་སྟོན་འབདཝ་ད་ བཀོད་བྱ་སོ་སོ་སྦེ་ བྱིན་དགོ་ནི་དེ་གིས་ དུས་ཚོད་མངམ་འགོར་དོ་ཡོདཔ་ལས་ ཐུན་ཚན་རེ་ནང་ སྐར་མ་༥༥ ལས་མེདཔ་ལས་ སློབ་སྟོན་འབད་མ་ཚུགས་པའི་ དཀའ་ངལ་བྱུང་ནི་དེ་གིས་ ཆོས་ཚན་ཚུ་ དུས་ཚོད་ཁར་ སློབ་སྟོན་འབད་མ་ཚུགསཔ་ལས་ བདུན་མཐའི་སྐབས་ལུ་ཡང་ སློབ་སྟོན་འབད་དོ་ཟེར་ཨིན་པས།
རྣམ་རྒྱལ་གྱིས་ ཁོ་ར་ འབྲིང་རིམ་སློབ་གྲྭ་ནང་ སློབ་སྟོན་འབད་ནིའི་དོན་ལུ་ སློབ་སྦྱོང་འབད་ཡོད་རུང་ ད་ལྟོ་ མི་སྡེ་སློབ་གྲྭ་ནང་ཆོས་ཚན་ སོ་སོའི་ཐོག་ལུ་ སློབ་སྟོན་འབད་དགོཔ་ད་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
གནས་སྐབས་ཀྱི་སློབ་དཔོན་ ཕུན་ཚོགས་ལྷ་མོ་གིས་ མོ་ར་ སློབ་སྦྱོང་ག་ནི་ཡང་མེད་པའི་ཁར་ ཆོས་ཚན་ལེ་ཤ་ སློབ་སྟོན་འབད་དགོཔ་ད་ དཀའ་ངལ་སྦོམ་བྱུངམ་མས་ཟེར་ཨིནམ་ད་ སློབ་དཔོན་མ་ལང་ནི་དེ་གིས་ བདུན་ཕྲག་༡ ནང་ ཐུན་ཚན་༢ རྐྱངམ་གཅིག་ལས་བརྒལ་ ངལ་གསོ་མི་ཐོབ་པས་ཟེར་ཨིན་པས།
རྣམ་རྒྱལ་གྱིས་ རྩིས་དང་ ཨིང་སྐད་ཆོས་ཚན་༢ གཅིག་ཁར་སློབ་སྟོན་འབདཝ་ད་ དཀའ་ངལ་མེད་རུང་ དཀའ་ངལ་བསལ་ནི་གི་དོན་ལུ་ ཨིང་སྐད་དང་ རྩིས་ཀྱི་ སློབ་དཔོན་༢ དགོ་པས་ཟེར་ཨིན་པས།
རྫོང་ཁག་ཤེས་རིག་འགོ་དཔོན་ ལམ་གྲགས་དབང་འདུས་ཀྱིས་ དཀའ་ངལ་སེལ་ཐབས་ལུ་ ཤུལ་མའི་ཟླཝ་ནང་ལས་ སློབ་དཔོན་ཅིག་གཏང་ནི་གི་དོན་ལུ་ གདམ་འཐུ་འབད་དེ་ཡོད་ཟེར་ཨིན་རུང་ སྤེལ་ཁང་ལས་མཐར་འཁྱོལ་མི་ སློབ་དཔོན་ཚུ་ སློབ་གྲྭ་གི་དུས་ཚོད་ནང་ ཐོབ་ཚུགས་པ་ ལཱ་ཁག་འདུག་ཟེར་ཨིན་པས།
སློབ་གྲྭ་ནང་ སློབ་དཔོན་མ་ལངམ་ལས་བརྟེན་ གཟའ་ཕུརཔ་ཨ་རྟག་ར་ ཀུན་ཚང་ཤེས་ཡོན་གྱི་ ལས་རིམ་ཡོད་མི་ཚུ་ཡང་ འབད་མ་ཚུགས་པར་ ལུས་ཏེ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment