གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནོར་ཚུ་ལུ་ གནོདཔ་བཀལ་མི་ གཅན་གཟན་སྟག་ཚུ་ བཟུང་ནིའི་ཐབས་ཤེས་བཏོན་དོ་ཡོདཔ།

སྟག་བཟུང་ནིའི་དོན་ལུ་ ནོར་ཁྱིམ་གྱི་སྒོ་ཁར་ ཐགཔ་བཏགས་ཏེ་བཞག་མི་ ར་པོད་ཅིག།
 ༢༨/༠༨/༢༠༡༢། ༉ བདུན་ཕྲག་༢ དེ་ཅིག་གི་རིང་ ཀྲོང་གསར་ལུ་ རི་དྭགས་སེམས་ཅན་སྲུང་སྐྱོབ་སྡེ་ཚན་གྱིས་ རྡོ་གཞོང་དགོན་པ་ལུ་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་མི་ གཅན་གཟན་སྟག་ཚུ་ བཟུང་ནིའི་ཐབས་ཤེས་ཚུ་ ག་དེམ་ཅིག་བཏོན་རུང་ མཐར་འཁྱོལ་བྱུང་མ་ཚུགས་ནི་དེ་གིས་ ཁ་ཙ་ལས་ ར་པོད་ཅིག་ ནོར་ཁྱིམ་གྱི་སྒོ་ཁར་ ཐགཔ་བཏགས་ཏེ་ བཞག་ཡོདཔ་ཨིན་པས།
རི་དྭགས་སེམས་ཅན་སྲུང་སྐྱོབ་སྡེ་ཚན་གྱི་ ཀུན་བཟང་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ཚུན་གྱི་རིང་ ཐབས་ཤེས་སྣ་ཚོགས་བཏོན་མི་ཚུ་གིས་ རྩ་ལས་ར་ ཕན་ཐོགས་མེད་པ་ལུ་བརྟེན་ ར་པོད་ཅིག་ ནོར་ཁྱིམ་གྱི་ཕྱི་ཁར་ ཐགཔ་བཏགས་བཞག་མི་དེ་གིས་ གཅན་གཟན་སྟག་ཚུ་ ཧིང་ནང་ ཚུད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ར་དང་ ནོར་གྱི་དྲིམ་ཚུ་ལུ་བརྟེན་ སྟག་ཚུ་འོངམ་ད་ བཟུང་ནིའི་དོན་ལུ་ ལམ་བདའ་སྟེ་ ཧིང་ཚུ་བཀལ་བཞག་ཅི་ཟེར་ཨིན་པས།
ཀུན་བཟང་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཧེ་མ་ ར་དེ་ ལྕགས་ཀྱི་སྒྲོམ་ནང་བཙུགས་ཏེ་ ནགས་ཚལ་ཅིག་ནང་ སྟག་འགྱོ་སའི་ལམ་ཁར་ བསྐྱལ་བཞག་སྟེ་ དེའི་སྦོ་ལོགས་ཁར་ལས་ཕར་ ཧིང་ཚུ་བཀལ་ཡོད་རུང་ ལྕགས་ཀྱི་དྲིམ་ཚོར་ནི་དེ་གིས་ འོང་མ་བཏུབ་ འོང་ནི་མས་ཟེར་ཨིན་པས།
ཀེ་ཇི་༦༠ ལྷགཔ་ཅིག་འབད་མི་ ལྕགས་ཀྱི་སྒྲོམ་ཅིག་ ས་གནས་ཀྱི་མི་ཚུ་གིས་ ཆ་རོགས་འབད་དེ་ ནགས་ཚལ་ཅིག་ནང་ འབག་བསྐྱལ་ཡོདཔ་ད་ སྟག་དེ་གིས་ འདས་པའི་བདུན་ཕྲག་ནང་ ཝི་གླིང་གཡུས་ཚན་ནང་ གླང་ཅིག་ བསད་པའི་ཤུལ་ལས་ ས་གནས་དེ་ནང་ གནོདཔ་མ་བཀལ་རུང་ ཁ་ཙ་འབདཝ་ད་ ད་རུང་ ཝི་གླིང་གཡུས་ཚན་ནང་ སྟག་གི་རྐང་རྗེས་གསརཔ་ མཐོང་ཡོདཔ་ལས་ ས་གནས་དེ་ནང་ར་ འཁྱམས་ཡོད་པའི་ དོགས་པ་ཆགས་ཡོདཔ་ཨིན་པས།
འདས་པའི་བདུན་ཕྲག་ནང་ གནོདཔ་བཀལ་མི་ ནོར་ཁྱིམ་གྱི་སྦོ་ལོགས་ཁར་ སྟག་དེ་ ལོག་འོང་ཡོད་པའི་ རྐང་རྗེས་ཚུ་ མཐོང་ཡོདཔ་ཨིན་རུང་ དེ་བསྒང་ རི་དྭགས་སེམས་ཅན་སྲུང་སྐྱོབ་འབད་མི་ཚུ་ ནོར་ཁྱིམ་གྱི་ ཉེ་འདབས་ལས་ཕར་ ལྟ་རྟོག་འབད་དེ་ སྡོད་ནི་དེ་གིས་ མི་གི་དྲིམ་ཚོར་ཏེ་ ལོག་སོང་ཡོདཔ་ཨིན་པས།
ད་རེས་ཀྱི་ཐབས་ཤེས་དེ་ གཙོ་བོ་ར་ ཉེ་འདབས་ལུ་ཡོད་མི་ རོ་ཁྱི་༢ ལུ་བརྟེན་ནི་ཨིན་མི་དེ་ཡང་ གཅན་གཅན་སྟག་ཚུ་འོངམ་ད་ རོ་ཁྱི་ཚུ་གིས་ ཨ་རྟག་བཟུམ་སྦེ་ མ་ཧབ་པར་ བྱེལ་སྐད་རྐྱབ་སྡོད་དོ་ཡོདཔ་ལས་ དེ་ལུ་བལྟ་སྟེ་ སྡེ་ཚན་གྱིས་ དྲན་མེད་ཐལ་ནིའི་ཀྲོབ་མདའ་ རྐྱབ་ནི་གི་ འཆར་གཞི་ཨིན་པས།
གཅན་གཟན་སྟག་དེ་ ས་གནས་དེ་ནང་ར་ འཁྱམས་སྡོད་དོ་ཡོདཔ་ལས་ ས་གནས་ཀྱི་ མི་ཚུ་གིས་ འཕྲལ་ཁམས་ཅིག་ལས་ ཁོང་རའི་ནོར་ཚུ་ ཕྱི་རུ་ཧ་སག་ལས་ར་ བསྡུ་བཞག་དོ་ཡོདཔ་མ་ཚད་ ཉིན་མ་ཡང་ ལྟ་སྡོད་དོ་ཡོདཔ་ད་ ལ་ལུ་ཅིག་གིས་ ཁོང་རའི་ནོར་ཚུ་ ཨོ་ཁང་ནང་ བཙུགས་བཞག་ནི་ འགོ་བཙུགས་ཡོདཔ་ཨིན་པས།
བུ་ལི་སྤང་ལས་ ཨའུ་ལ་པདྨ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྟག་ཚུ་གིས་ ནོར་ཚུ་ལུ་ གནོདཔ་བཀལ་ནི་ འགོ་བཙུགས་པའི་ཤུལ་ལས་ མོ་རའི་ནོར་ཚུ་ ག་དེ་ཡང་མ་བཏང་པར་ ཁྱིམ་གྱི་སྦོ་ལོགས་ཁར་བཞག་སྟེ་ ལྟ་སྡོད་དོ་ཟེར་ཨིན་པས།
དེ་མ་ཚད་ གཡུས་ཁའི་མི་ཚུ་ཡང་ སྟག་གི་ འཇིགས་སྣང་ལུ་བརྟེན་ ཕྱི་རུ་གནམ་སྲོཔ་ཅིག་ ཁྱིམ་གྱི་ཕྱི་ཁར་ འཐོན་ནི་མེད་ཟེར་ མོ་གིས་ སླབ་པའི་གནས་ཚུལ།

ཀྲོང་གསར་ལས་ བཀྲིས་བསྟན་འཛིན།

 

No comments:

Post a Comment