གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤུལ་མའི་བཙག་འཐུ་ནང་ བཅའ་མར་གཏོགས་ཆོག་མི་ཆོག་གི་ སྐོར་ལས་ ཁ་གསལ་མེདཔ།

༢༣/༨/༢༠༡༢   ༉ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ སྤྱི་ཚོགས་ཀྱི་ རྒྱུན་སྐྱོང་འཕྲོ་མཐུད་དོན་ལུ་ ཚོགས་སྡེའི་གཙུག་སྡེ་ ཧྲམ་ནི་མེདཔ་སྦེ་ བཞག་དགོཔ་ལས་ ནམ་ར་འབད་རུང་ ཚོགས་སྡེའི་འཐུས་མི་ ཉུང་ཤོས་༡༧ དེ་ཅིག་ ཚང་དགོཔ་ཨིན་པས།


དེ་བཟུམ་སྦེ་ ཚོགས་སྡེའི་འཐུས་མི་ཚུ་གི་ གནས་ཡུན་ལོ་༥ ཚང་པའི་སྐབས་ ད་རེས་ འཐུས་མི་རྙིངམ་ཚུ་ དགོངས་ཞུ་འབད་བའི་ ནངས་པ་ར་ འཐུས་མི་གསརཔ་ཚུ་གིས་ ཡིག་ཚང་རྩིས་ལེན་ཏེ་ ལཱ་འཕྲོ་མཐུད་འབད་དགོཔ་ཨིན་པས།
གནད་དོན་དེ་དང་འབྲེལ་ སྤྱི་ཚོགས་༢ པའི་བཙག་འཐུ་ རན་དོ་ཡོདཔ་བཞིན་དུ་ ཚོགས་སྡེའི་འཐུས་མི་ཚུ་ཡང་ ལ་ལུ་ཅིག་ ལོག་བཙག་འཐུའི་ནང་ བཅའ་མར་གཏོགས་ནི་གི་ འོས་འབབ་ཡོདཔ་ཨིན་རུང་ བཅའ་མར་གཏོགས་ནི་ཨིན་པ་ཅིན་ བཙག་འཐུ་མ་རན་པའི་ ཉིནམ་༩༠ འམ་ ཟླཝ་༣ གྱི་ཧེ་མ་ལས་ དགོངས་ཞུ་འབད་དགོཔ་ཨིན་པས།
གལ་སྲིད་ འཐུས་མི་ལེ་ཤ་ཅིག་གིས་ དགོངས་ཞུ་འབད་བ་ཅིན་ ཚོགས་སྡེའི་གཙུག་སྡེ་གི་ རྒྱུན་སྐྱོང་འཕྲོ་མཐུད་དོན་ལུ་ རྩ་ཁྲིམས་དང་འཁྲིལ་ཏེ་ འཐུས་མིའི་གྱངས་ཁ་ ཉུང་ཤོས་༡༧ དགོ་མི་དེ་ གྲུབ་མི་ཚུགས་ནིའི་ ཉེན་ཁ་ཡོདཔ་ཨིན་པས།
དེ་འབདཝ་ལས་ གནས་སྟངས་དེ་ དག་སལ་རྐྱབ་ནིའི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ དུས་ཅི་ སྤྱི་ཟླ་༢ པའི་ཚེས་༨ ལུ་ བཙག་འཐུ་ལྷན་ཚོགས་ལུ་ ད་ལྟོ་ ཚོགས་སྡེའི་འཐུས་མི་ཚུ་གིས་ ལོག་བཙག་འཐུའི་ནང་ བཅའ་མར་གཏོགས་ནི་ཨིན་པ་ཅིན་ ལམ་ལུགས་ག་དེ་སྦེ་ཡོད་གའི་ གསལ་བཤད་འབད་དགོ་པའི་ གྲོས་འཆར་ཅིག་ བཀོད་ཡོདཔ་ཨིན་པས།
དེ་ལུ་ ལྷན་ཚོགས་ཀྱིས་ བརྡ་བརྒྱུད་ནང་ ཚོགས་སྡེའི་འཐུས་མི་ཚུ་གིས་ ལོག་བཙག་འཐུའི་དོན་ལུ་ བཅའ་མར་གཏོགས་ཆོག་པའི་ཁར་ མི་དབང་མངའ་བདག་རྒྱལ་པོ་གིས་ བཙག་འཐུ་འགོ་འདྲེན་འཐབ་དགོ་པའི་ བཀའ་རྒྱ་གནང་བའི་ཤུལ་ལས་ བཙག་འཐུ་མ་རན་པའི་ ཟླཝ་༣ གྱི་ཧེ་མར་ དགོངསམ་ཞུ་དགོ་པའི་ བརྡ་དོན་ཁྱབ་སྤེལ་ཅིག་འབད་ཡོད་རུང་ ཚོགས་སྡེ་ལུ་ ལན་གསལ་ཅིག་ ལོགས་སུ་མ་གནང་ཟེར་ཨིན་པས།
བརྡ་དོན་ཁྱབ་སྤེལ་དེ་དང་འཁྲིལ་ ཚོགས་སྡེའི་འཐུས་མི་ཚུ་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་ཏེ་ ཚོགས་སྡེའི་འཐུས་མི་ཉུང་ཤོས་༡༧ དགོ་པའི་ རྩ་ཚན་གྱི་ཚད་གཞི་གྲུབ་མ་ཚུགས་པ་ཅིན་ ཚོགས་སྡེ་ཆ་མེད་གཏང་ནིའི་ ཉེན་ཁ་ཡོདཔ་བཞིན་དུ་ བཙག་འཐུ་ནང་ ལོག་དོ་འགྲན་འབད་ནི་ཡང་ འཐུས་མི་རང་སོའི་ ཐོབ་དབང་བཟུམ་ཅིག་ཨིནམ་ལས་ དེ་ཡང་ བྱ་སྟབས་མ་བདེ་བའི་ གནས་སྟངས་ཡོད་མི་དེ་ དག་གསལ་རྐྱབ་དགོཔ་ཡོད་ཟེར་ ཚོགས་སྡེའི་འཐུས་མི་ཅིག་གིས་ བཤདཔ་ཨིན་པས།
ཡང་ཅིན་ འཐུས་མི་ལས་ དགོངསམ་མ་ཞུ་བར་ བཙག་འཐུ་ནང་ བཅའ་མར་གཏོགས་དགོཔ་ཨིན་ན་དང་ ཡང་ཅིན་ ལོག་བཙག་འཐུ་ནང་ བཅའ་མར་གཏོགས་མ་ཆོག་སྦེ་བཞག་སྟེ་ ཤུལ་མའི་ཚོགས་སྡེ་ནང་ འཐུས་མི་ག་ར་ གསརཔ་འོང་ནིའི་དོན་ལུ་ བཞག་ནི་ཨིན་ན་ དག་གསལ་མ་རྐྱབ་པ་ཅིན་ མ་འོངས་པའི་ འཐུས་མི་ཚུ་ལུ་ཡང་ དེ་བཟུམ་མའི་ གནས་སྟངས་འབྱུང་ནི་གི་ འོས་འབབ་མཐོངམ་ལས་ ད་ལྟོ་ལས་ར་ བརྡ་དོན་ཁ་གསལ་སྦེ་ བཀོད་དགོཔ་འདུག་ཟེར་ཨིན་པས།
དེ་འབད་ནི་དེ་གིས་ དག་གསལ་རྐྱབ་ནིའི་དོན་ལུ་ གནས་སྟངས་ཁ་གསལ་བཀོད་དེ་ དེ་དང་འབྲེལ་བའི་ འོས་འབབ་ཅན་གྱི་ གོ་དོན་ཚུ་ཡང་ བཀོད་ཐོག་ལས་ མི་དབང་མངའ་བདག་རྒྱལ་པོ་ལུ་ དག་གསལ་གནང་ཐབས་ཀྱི་དོན་ལུ་ སྙན་ཞུ་ཅིག་ ཚོགས་སྡེ་གིས་ སྤྱི་ཟླ་༧ པའ་ིཚེས་༢༠ ལུ་ ཕུལ་ཡོདཔ་ཨིན་པས།
ཚོགས་སྡེའི་འཐུས་མི་ཚུ་གིས་འབད་བ་ཅིན་ བཙག་འཐུའི་བཅའ་ཁྲིམས་དང་འཁྲིལཝ་ད་ བློན་པོ་དང་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ ཁེ་ཕན་ཅན་གྱི་ ཡིག་ཚང་འཆང་མིའི་གྲས་ཁར་ མ་ཚུདཔ་ལས་ ཚོགས་སྡེའི་འཐུས་མི་ཚུ་གིས་ ཡིག་ཚང་ལས་ དགོངསམ་མ་ཞུ་བར་ བཙག་འཐུ་ནང་ བཅའ་མར་གཏོགས་ཆོག་ནི་མས་ཟེར་ཨིན་པས།
ཨིན་རུང་ དེ་བཟུམ་སྦེ་ ཡིག་ཚང་ལས་དགོངས་ཞུ་མ་འབད་བར་ འདེམས་ངོ་གསརཔ་ཚུ་དང་ དོ་འགྲན་འབད་བཅུག་པ་ཅིན་ འདྲ་མཉམ་དང་དྲང་བདེན་ཐོག་ བཙག་འཐུ་འགོ་འདྲེན་འཐབ་མ་ཚུགས་པའི་ ཉེན་ཁ་འདུག་ཟེར་ཨིན་པས།
དེ་འབད་ནི་དེ་གིས་ བཙག་འཐུ་ལྷན་ཚོགས་ལུ་ ད་ལྟོ་ ཡིག་ཚང་འཆང་མི་ ཚོགས་སྡེའི་འཐུས་མི་ཚུ་ བཙག་འཐུ་ནང་ བཅའ་མར་གཏོགས་མ་ཆོགཔ་སྦེ་བཞག་སྟེ་ ལོ་༥ འི་གནས་ཡུན་ མ་ཚང་ཚུན་ སྡོད་དགོ་ནི་ཨིན་མས་ཟེར་བཀོད་ནུག།
ཨིན་རུང་ དེ་དང་འབྲེལ་བའི་ ཉེན་ཁ་ཡོད་མི་དེ་ཡང་ ཚོགས་སྡེ་གིས་འབད་བ་ཅིན་ འཐུས་མི་ཚུ་ གནས་ཡུན་ལོ་༥ ཚང་ཞིནམ་ལས་ ལོག་བཙག་འཐུ་ནང་ དོ་འགྲན་འབད་མ་ཆོག་པ་ཅིན་ གནས་ཡུན་ལོ་༥ འི་རིང་ མི་སྡེའི་ཕན་ཐོགས་ལུ་ གཙོ་བོར་མ་བཏོན་པར་ རང་དོན་ལུ་ གཙོ་བོར་བཏོན་ནི་གི་ ཉེན་ཁ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ལཱ་དང་འགན་འཁྲི་ཚུ་ ཚུལ་མཐུན་མ་འབག་པར་ ཚོགས་སྡེའི་འགན་འཁྲི་ལུ་ བརྩོན་ཤུགས་ཆུང་བའི་གནས་སྟངས་ཚུ་གི་ ཉེན་ཁ་ཡོདཔ་ལས་ ཡང་ཅིན་ ཚོགས་སྡེའི་འཐུས་མི་ཚུ་ ཡིག་ཚང་ལས་ དགོངས་ཞུ་མ་འབད་བར་ བཙག་འཐུ་ནང་ བཅའ་མར་གཏོགས་བཅུག་ནི་དང་ ཡང་ཅིན་ འཐུས་མི་ཉུང་ཤོས་༡༧ ཚད་འཛིན་ཐོག་ གཞན་མི་ཚུ་ རང་སོའི་དང་འདོད་བསྟར་ དགོངས་ཞུ་འབད་དེ་ བཙག་འཐུ་ནང་ བཅའ་མར་གཏོགས་བཅུག་དགོཔ་ཨིན་པས།
དེ་མིན་ འཐུས་མི་ཚུ་ག་ར་ གནས་ཡུན་མ་ཚང་ཚུན་ དགོངས་ཞུ་མེད་པར་ གནས་ཡུན་ཚང་དགོཔ་སྦེ་ ཆ་འཇོག་འབད་དགོཔ་ཡོད་རུང་ དེ་དང་འབྲེལ་བའི་ བྱ་སྟབས་མ་བདེ་བའི་ གནས་སྟངས་རེ་མཐོངམ་ལས་ མངོན་མཐོ་ཁྲིམས་ཀྱི་འདུན་ས་ལས་ དག་གསལ་རྐྱབ་དགོ་པའི་ འོས་འབབ་འདུག་ཟེར་ཨིན་པས།
ཨིན་རུང་ དེ་སྦེ་ མངོན་མཐོ་ཁྲིམས་ཀྱི་འཐུན་ས་ལས་ དག་གསལ་རྐྱབ་དགོཔ་འདུག་ག་མིན་འདུག་ མི་དབང་མངའ་བདག་རྒྱལ་པོ་མཆོག་གིས་ གཟིགས་ཞིབ་ཀྱི་དོན་ལུ་ སྙན་ཞུ་དེ་ མི་དབང་མངའ་བདག་རྒྱལ་པོའི་ཞབས་སར་ ཕུལ་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment