གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚལ་ལུ་ཤིང་གི་ནད་འབུབ་ དར་ཁྱབ་སོང་ཡོདཔ།

༢༢/༨/༢༠༡༢   ༉ ཚལ་ལུའི་ཐོན་སྐྱེད་ཀྱི་དུས་ཚོད་དེ་ ཧ་ལམ་ སྦོ་ལོགས་ཁར་ལྷོད་སུ་ལྷོད་སུ་འབདཝ་ད་ ཚལ་ལུ་ཤིང་ལུ་ནད་འབུབ་ཐོབ་མི་གིས་ ལོ་བསྟར་བཞིན་དུ་ ཚལ་ལུའི་ཐོན་སྐྱེད་ལུ་ ཐོ་ཕོག་དོ་ཡོདཔ་ལས་ ཆུ་ཁ་ བསམ་འཕེལ་གླིང་རྒེད་འོག་གི་མི་སེར་ཚུ་ ཐོན་སྐྱེད་ལུ་བརྟེན་པའི་འོང་འབབ་ཉུང་སུ་ཅིག་ལས་ ཐོབ་མི་ཚུགས་པས་ཟེར་ཨིན་པས།
ནད་འབུབ་ཟུན་མི་ ཚལ་ལུ་ཤིང་ཚུ།


འདི་བཟུམ་གྱི་ ཚལ་ལུ་ཤིང་གི་ནད་འབུབ་དེ་གིས་ ཚལ་ལུའི་ཐོན་སྐྱེད་ཚུ་ མར་བབས་འགྱོ་བའི་ཁར་ ཤིང་འབྲས་ཀྱི་ གནས་རིམ་མར་ཕབ་བཏངམ་མ་ཚད་ ཤིང་ཚུ་ཡང་བསད་དོ་ཡོདཔ་ཨིན་རུང་ ནད་འབུབ་འདི་ལུ་ བཀག་ཐབས་མེད་པའི་ཁར་ མི་ལུ་ཉེན་ཁ་ཚུ་ མེདཔ་ཨིན་པས།
དམངས་མི་དམ་ཆོས་དབང་ཕྱུག་གིས་བཤད་མིའི་ནང་ སོ་ནམ་ཞིང་མི་ཚུ་ འདས་པའི་ལོ་ལྔ་དེ་ཅིག་ལས་འགོ་བཙུགས་ ནད་འབུབ་འདི་གི་དཀའ་ངལ་ཚུ་བཀག་ཐབས་འབད་ཡོད་རུང་ ལོ་བསྟར་བཞིན་དུ་ ནད་འབུབ་འཐོབ་ནིའི་གྱངས་ཁ་དེ་ ཡར་འཕར་སོང་མི་ལུ་བརྟེན་ ལོ་རེ་ལུ་ ཚལ་ལུའི་ཤིང་གསུམ་དེ་རེ་བརྡབ་བཏང་དགོ་དོ་ཡོདཔ་ཨིན་པས།
ས་གནས་ནང་ལུ་ ཚལ་ལུའི་ཐོན་སྐྱེད་དེ་ དངུལ་ཐོག་གི་གྲས་ལས་ གཙོ་ཆེ་ཤོས་ཅིག་སྦེ་ཡོདཔ་ཨིན་པས།
ང་བཅས་ཀྱིས་ ནད་འབུབ་ཟུན་མིའི་ཚལ་ལུ་ཤིང་ཚུ་ བརྡབ་ཞིནམ་ལས་ མེར་བཏང་དོ་ཡོདཔ་ཨིན་རུང་ དེ་གིས་ཡང་ ཕན་ཐོགས་སྦོམ་བྱུང་མ་ཚུགསཔ་ཨིན་པས།
དམ་ཆོས་དབང་ཕྱུག་གིས་འབད་བ་ཅིན་ ནད་འབུབ་ཚུ་ དཔག་བསམ་ཁ་ལས་ དགེ་འདུ་ལུ་ འཁོར་ལམ་བཏོན་ཏེ་ རྩི་ནག་བཏང་ཞིནམ་ལས་ཚུར་ བྱུང་ཡོདཔ་སྦེ་ གཡུས་མི་ཚུ་གིས་ སླབ་མས་ཟེར་ཨིན་པས།
འཁོར་ལམ་ཐོན་པའི་ཤུལ་ལུ་ སྣུམ་འཁོར་ཚུ་ ལམ་བདའ་སྟེ་བཀག་བཞག་ནི་དང་ དེ་ནང་ལས་ བཙོག་རླུང་ཚུ་ཐོན་ནི་དེ་གིས་ ཨིནམ་འོང་ནི་མས་ཟེར་ཨིན་པས།
གུང་པ་དག་པ་ཅིག་གི་ ཚལ་ལུའི་ཤིང་ཚུ་ག་ར་ ནད་འབུབ་ཀྱིས་གནོད་སྐྱོན་རྐྱབ་ཡོདཔ་ད་ རང་རྒྱས་རྟེན་དང་ དཔག་ཅི་ན་གཡུས་ཚན་གྱི་གུང་པ་༡༧ ལུ་ ནད་འབུབ་གྱི་གནོད་སྐྱོན་ཚུ་ རྐྱབ་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ནད་འབུབ་དེ་ཐོབ་ཞིནམ་ལས་ ཚལ་ལུའི་ཐོན་སྐྱེད་ཀྱི་འོང་འབབ་བརྒྱ་ཆ་༥༠ མར་བབས་སོང་ཡི་ཟེར་ཨིན་པས།
དཔག་ཅི་ན་སྤྱི་འོག་ལས་ མི་གཅིག་གིས་སླབ་དོ་བཟུམ་འབད་བ་ཅིན་ འདས་པའི་ལོ་བཞི་གི་ཧེ་མར་ དངུལ་ཐོག་འོང་འབབ་དངུལ་ཀྲམ་༡༠༠,༠༠༠ རེ་བཟོ་མི་དེ་ ད་ལྟོ་ དངུལ་ཀྲམ་ ༤༠,༠༠༠ དང་ ༥༠,༠༠༠ ལུ་མར་བབས་སོང་ཡི་ཟེར་ཨིནམ་ད་ རེ་ཚེ་སྐབས་ འོང་འབབ་དངུལ་ཀྲམ་ ༢༠,༠༠༠ དང་ དངུལ་ཀྲམ་༣༠,༠༠༠ ལུ་ཡང་མར་བབས་འགྱོཝ་མས་ཟེར་ཨིན་པས།
དཔག་ཅི་ན་ཚོགས་པ་ ཀར་ན་བྷ་དུར་རའི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ནད་འབུབ་དེ་གིས་ ད་ལྟོའི་བར་ན་ཡང་ ཐབས་སྐྱོ་དྲག་སྦེ་ གནས་ཏེ་ འོང་འབབ་ཉུངམ་བཟོ་བའི་ཁར་ སྤུས་ཚད་མར་ཉམས་སོངམ་མ་ཚད་ ཐོན་སྐྱེད་ཡང་ མར་བབས་སོང་ཡི་ཟེར་ཨིན་པས།
ཚལ་ལུའི་ཤིང་གུ་ལུ་ནད་འབུབ་དེ་འཐོབ་ཞིནམ་ལས་ ཤིང་གི་འདབ་མ་སེརཔོ་འགྱོ་ནི་དང་ ཚལ་ལུ་རྡོག་མ་ཉུངམ་སྦེ་བཏགསཔ་མས་ཟེར་ ཁོ་གིས་བཤད་པའི་ཁར་ ཤིང་གི་འདབ་མ་སེརཔ་སོང་མི་ཚུ་ ས་ཁར་འབུད་དེ་ ལོག་གསརཔ་སྐྱེས་དོ་ཡོད་རུང་ རྡོག་མ་ཚུ་ལེགས་ཤོམ་སྦེ་བཏགས་མི་བཏུབ་པས་ཟེར་ཨིན་པས།
སོ་ནམ་ཞིང་མི་ཚུ་གིས་ འབུབ་བསད་ནིའི་སྨན་གྱིས་ཡང་ ཕན་ཐོགས་བྱུང་མ་ཚུགས་མི་ལུ་བརྟེན་ ལག་ལེན་འཐབ་ནི་མེདཔ་ད་ ཞིང་མི་ཚུ་གིས་ འབུབ་སྨན་ལེན་པར་ཡང་འོང་ནི་མིན་འདུག་ཟེར་ཨིན་པས།
སོ་ནམ་རྒྱ་བསྐྱེད་འགོ་དཔོན་ རྣམ་རྒྱལ་བཟངམོ་གིས་བཤད་མིའི་ནང་ ཚལ་ལུ་ཤིང་གུ་ ནད་འབུབ་ཐོབ་མིའི་ངོས་འཛིན་ འགོ་དང་པ་ར་ རང་རྒྱས་རྟེན་དང་ པེ་ཀཱསི་ཏ་སྤྱི་འོག་ནང་ལས་བདའ་ཟུན་ཡི་ཟེར་ཨིན་པས།
གཡུས་མི་ཚུ་གིས་ ནད་འབུབ་ཐོབ་མིའི་ཚལ་ལུ་ཤིང་ཚུ་ བརྡབ་མ་བཏང་པར་བཞག་པ་ཅིན་ དེ་གིས་ འབྱེལ་འགྱོ་ནིའི་ཉེན་ཁ་སྦོམ་ཡོད་ཟེར་ཨིནམ་ད་ ཐབས་ལམ་ཅིག་ཡོད་མི་དེ་ ཚལ་ལུའི་ཤིང་བརྡབ་ནི་དེ་ར་ཨིན་ཟེར་ ཁོ་གིས་བཤདཔ་ཨིན་པས།
དེ་འབདཝ་ད་ གཡུས་མི་མང་ཤོས་ཅིག་གིས་ ཚལ་ལུ་ཤིང་བརྡབ་ནི་ལུ་ངོས་ལན་འབད་མ་བཏུབ་མི་དེ་ ཤིང་ཚུ་ལས་ རྡོག་མ་བཏགས་ནིའི་རེ་འདོད་བསྐྱེདཔ་མས་ཟེར་ཨིན་པས།
རྣམ་རྒྱལ་བཟངམོ་གིས་འབད་བ་ཅིན་ ཁོང་གིས་ ཤིང་བརྡབ་ནིའི་འཕྲུལ་ཆས་གསུམ་བྱིན་ཐོག་ལས་ གཡུས་མི་ཚུ་ལུ་ ཚལ་ལུ་ཤིང་བརྡབ་ཟེར་སླབ་ཅི་ཟེར་ཨིན་པས།
ད་ཚུན་གྱི་ནང་འཁོད་ལུ་ གཡུས་ཚན་གཉིས་ཀྱི་མི་སེར་ཚུ་གིས་ ཚལ་ལུའི་ཤིང་༡,༤༠༠ དེ་ཅིག་བརྡབ་ཡོདཔ་ད་ ད་རུང་ ཤིང་༢༤༩ ལུ་ནད་འབུབ་ཚུ་ཟུན་ཡོདཔ་ཨིན་ཟེར་ཨིནམ་ད་ ང་བཅས་ཀྱིས་ འགྲོས་ཀྱི་སྦེ་ གཡུས་ཚན་གཞན་གྱི་སྤྱི་འོག་ཚུ་ན་ཡང་ དབྱེ་ཞིབ་འབད་བར་འགྱོ་ནི་ཨིན་ཟེར་ཨིན་པས།
སོ་ནམ་ཞིང་མི་ཚུ་ལུ་ ཚལ་ལུའི་ཤིང་བརྡབ་མི་ལུ་ འཐུས་ཚུ་མ་སྤྲོད་དེ་འབད་རུང་ ཡར་བསྐྱེད་དང་ བསྐྱར་གསོའི་ལས་རིམ་གྱི་དོན་ལུ་ རྒྱབ་སྐྱོར་ཚུ་འབད་དོ་ཟེར་ཨིན་པས།
ང་བཅས་ཀྱིས་ ཚལ་ལུ་ཤིང་གི་ལྕངམ་༥༠༠ བཀྲམ་སྤེལ་གྱི་དོན་ལུ་ མཁོ་མངགས་འབད་ཡོདཔ་ལས་ གཡུས་མི་ཚུ་གིས་ ལོ་ཤུལ་མམ་ནང་ ལྕངམ་ཚུ་ཐོབ་ཚུགས་ཟེར་ མོ་གིས་བཤདཔ་ཨིན་པས།
མོ་གིས་འབད་བ་ཅིན་ ཤིང་ཐོག་གི་ཐོན་སྐྱེད་དེ་ རྒྱ་སྦོམ་སྦེ་ར་ མར་བབས་སོང་ཡི་ཟེར་ཨིནམ་ད་ ནད་འབུབ་དེ་ཐོབ་ཞིནམ་ལས་ཚུར་ གཡུས་མི་ཚུ་གིས་ ཤིང་རེ་ལས་ རྡོག་མ་ གཉིས་གསུམ་རེ་མ་གཏོགས་བཏོག་ནི་མིན་འདུག་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ ཤིང་རེ་ལས་ ཚལ་ལུ་ཀེ་ཇི་༣༠ ལྷགཔ་རེ་གི་ཐོན་སྐྱེད་ཚུ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment