གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལབ་རྩ་ངང་རི་ལུ་ ཚོང་ཁང་བཙུགས་མི་ཚུ་གིས་ མི་སེར་ཚུ་ལུ་ ཕན་ཁྱད་བྱུང་དོ་ཡོདཔ།

༢༠/༨/༢༠༡༢   ༉ ཧེ་མ་འབད་བ་ཅིན་ མོང་སྒར་རྫོང་ཁག་ སྐྱེངས་མཁར་རྒེད་འོག་གི་མི་སེར་ཚུ་ ཐ་ན་ ཚྭ་ཅིག་ལས་བརྒལ་ཉོ་ནི་མེད་རུང་ ཉིན་ལམ་༢ དང་༣ གྱི་ས་གནས་ མོང་སྒར་དང་ རྒྱལ་པོའི་ཞིང་ལུ་ རྐང་སྟོང་སྦེ་ འགྱོ་དགོ་མི་ལུ་བརྟེན་ དཀའ་སྡུག་སྦོམ་མྱོང་དོ་ཡོདཔ་ཨིན་པས།
ལབ་རྩ་ངང་རི་ལུ་ ཚོང་ཁང་བཙུགས་མི་ཚུ་གི་མཐོང་སྣང་།


ཨིན་རུང་ ད་རེས་ནངས་པ་ དེ་བཟུམ་གྱི་ དཀའ་སྡུག་མྱོང་དགོཔ་མེད་མི་དེ་ཡང་ ས་གནས་ལབ་རྩ་ངང་རི་ལུ་ སྣུམ་འཁོར་ལམ་ཐོན་ནི་དེ་གིས་ དུས་ཅི་ལས་ ཚོང་ཁང་༥ དེ་ཅིག་ སྒོ་ཕྱེས་མི་ལུ་བརྟེན་ཏེ་ཨིན་པས།
ལབ་རྩ་ངང་རིའི་ས་གནས་དེ་ སྐྱེངས་མཁར་སྟོང་ལ་དགོན་པའི་ ཐད་ཕྲང་སྟེ་ གཡུ་དྷ་རི་གཡུས་ཚན་གྱི་རི་མགོའི་ ལ་ཅིག་གི་རྐེད་པར་ ཆགས་ཡོདཔ་ད་ དེ་ཡང་ འཁོར་ལམ་དེ་ རྒྱལ་པོའི་ཞིང་ལས་ ངང་ལམ་ཁ་ཐུག་འགྱོ་སའི་ས་གནས་ ཟིམ་ཟོ་རོང་ལས་ སྣུམ་འཁོར་ནང་ དུས་ཡུན་ཆུ་ཚོད་ཕྱེད་དང་༢ དེ་ཅིག་ལུ་ ཡོདཔ་ཨིན་པས།
མི་སེར་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དུས་ཅི་ལས་ ས་གནས་དེ་ཁར་ ཚོང་ཁང་ཚུ་ སྒོ་ཕྱེས་མི་ལུ་བརྟེན་ འདས་པའི་ལོ་ཚུ་ནང་བཟུམ་སྦེ་ བཟའ་འཐུང་གི་རིགས་ཚུ་ ཉོ་དགོཔ་འཐོནམ་ད་ ལམ་ཐག་རིང་སར་ འགྱོ་མ་དགོ་ནི་དེ་གིས་ སྟབས་བདེ་བས་ཟེར་ཨིན་པས།
ད་རེས་ནངས་པ་ གཡུས་སྒོ་མང་ཤོས་ཅིག་ནང་ འཁོར་ལམ་གྱི་ཞབས་ཏོག་ཐོབ་མི་ལུ་བརྟེན་ ཉེར་མཁོའི་མཐུན་རྐྱེན་ཚུ་ མཐའ་ཟུར་གྱི་ས་གནས་ ག་ཏེ་ལས་ཡང་ འཐོབ་ཚུགས་དོ་ཡོདཔ་ལས་ མི་སེར་ལུ་ བྱ་སྟབས་བདེ་ནི་དང་ ཚོང་པ་ཚུ་ལུ་ འོང་འབབ་བཟོ་ཚུགས་ནི་དེ་གིས་ ཁེ་ཕན་སྦོམ་འདུག་ཟེར་ཨིན་པས།
སྐྱེངས་མཁར་ལབ་རྩ་ངང་རི་ལུ་ དུས་ཅི་ སྤྱི་ཟླ་༡ པ་ལས་ འོག་བཙུགས་ཏེ་ ཚོང་ཁང་བཙུགས་མི་ ཡོན་ཏན་རྒྱ་མཚོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ སྐྱེངས་མཁར་མི་སེར་ཚུ་ལུ་ བཟའ་ཆས་ཚུ་ཉོ་བར་འགྱོ་ནི་ལུ་ ལཱ་ཁག་ཡོད་རུང་ ད་རེས་ནངས་པ་ ཉེ་འདབས་ལུ་ ཚོང་ཁང་ཡོད་ནི་དེ་གིས་ སེམས་དགའ་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་ ཚྭ་འཚོ་ཏོ་ལས་ འགོ་བཟུང་སྟེ་ ཆུམ་དང་ ཉ་ལ་སོགས་པའི་ཚོང་ཆས་ཚུ་ བཙོང་དོ་ཡོདཔ་ལས་ མི་སེར་མང་ཤོས་ར་ ཆུམ་ཉོ་འབགཔ་མས་ཟེར་ཨིནམ་ད་ ཉིན་བསྟར་བཞིན་དུ་ ཚོང་གི་འོང་འབབ་ ཉུང་ཤོས་དངུལ་ཀྲམ་༥,༠༠༠ དེ་རེ་ བཟོ་ཚུགས་པས་ཟེར་ཨིན་པས།
རྒེད་འོག་གི་ གཡུས་མི་ཚུ་གིས་ ལབ་རྩ་ངང་རི་དེ་ རང་གི་སྒོ་ཁར་བཟུམ་ཅིག་ཨིན་པའི་ མནོ་བསམ་བཏང་མི་དེ་ཡང་ ཧེ་མ་ ཉིན་ལམ་ལས་བཅད་དེ་ འགྱོ་དགོ་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
ཚོང་ཁང་བཙུགས་མི་ཚུ་གིས་ མི་སེར་གྱི་ མཐའ་དོན་ལུ་དམིགས་ཏེ་ རྒེད་འོག་ལྟེ་བ་ཚུན་ འཁོར་ལམ་ལྷོད་ཞིནམ་ལས་ ཚོང་ཁང་ཚུ་ཡང་ རྒེད་འོག་ལྟེ་བ་ལུ་ སྤོ་བཤུད་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ན་ཧིང་ ལོ་མཇུག་བསྡུ་ཁམས་ལུ་ ལབ་རྩ་ངང་རི་ལུ་ འགོ་དང་པ་ ཚོང་ཁང་བཙུགས་མི་ འཇིགས་མེད་བཟང་མོ་གིས་འབད་རུང་ ལབ་རྩ་ངང་རི་དེ་ སྐྱེངས་མཁར་གྱི་ མི་སེར་ཚུ་ལུ་ ཚོང་འབྲེལ་འཐབ་སའི་ ས་ཁོངས་ངོ་མ་ཅིག་ལུ་གྱུར་ཡོདཔ་ལས་ མོ་གིས་ ཉིནམ་རེ་ལུ་ འོང་འབབ་དངུལ་ཀྲམ་༧,༠༠༠ དང་༡༠,༠༠༠ གྱི་བར་ན་ ཐོབ་ཚུགས་པས་ཟེར་ཨིན་པས།
དེ་འབདཝ་ད་ འཇིགས་མེད་ཀྱི་ རེ་བ་ལས་འབད་རུང་ མོ་རའི་ཚོང་ཁང་དེ་ ཚོང་འབྲེལ་ལེགས་ཤོམ་ག་དེ་སྦེ་འགྱོ་རུང་ རྒེད་འོག་ལྟེ་བ་ལུ་ འཁོར་ལམ་ལྷོད་པའི་བསྒང་ལས་ སྤོ་བཤུད་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ད་ལྟོ་ ས་གནས་ཀྱི་ ཚོང་གི་གོང་ཚད་ལུ་ ཁྱད་པར་དུམ་གྲ་རེ་ ཡོད་མི་དེ་ཡང་ གཙོ་བོ་ར་ དོས་སྐྱེལ་འདྲེན་གྱི་ གླ་ཆ་ལུ་བརྟེན་ཨིནམ་ད་ དཔེ་འབད་བ་ཅིན་ ཆུམ་ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༢༢ དང་ ཚྭ་ཀེ་ཇི་ལུ་ དངུལ་ཀྲམ་༡༠ འབད་མི་ལུ་ དངུལ་ཀྲམ་༢༠ རེ་ ཆུམ་ཕད་ཙེ་ཀེ་ཇི་༥༠ འབད་མི་ལུ་ རིན་གོང་དངུལ་ཀྲམ་༡,༠༠༠ རེ་ གནས་དོ་ཡོདཔ་ཨིན་པས།
ཚོང་པ་ཚུ་གིས་ ཚོང་ཆས་ཚུ་ མོང་སྒར་དང་ རྒྱལ་པོའི་ཞིང་ ལ་ལུ་ཅིག་གིས་ བསམ་གྲུབ་ལྗོངས་མཁར་ལས་ བཏོན་སྐྱེལ་དོ་ཡོདཔ་ཨིན་པས།
ད་རེས་ནངས་པ་ ཆར་ཆུའི་དུས་ཚོད་འབད་ནི་དེ་གིས་ སྐྱེངས་མཁར་ལུ་ འགྲོ་འགྲུལ་འབད་དགོ་པ་ཅིན་ འཁོར་ལམ་སྒྲིང་སྒྲིང་མེདཔ་ལས་ འཁོར་ལམ་བདའ་སྟེ་ ད་ལྟོ་ སྣུམ་འཁོར་ཚུ་ ལབ་རྩ་ངང་རི་ཚུན་ འགྲོ་འགྲུལ་འབད་ཚུགས་དོ་ཡོདཔ་ཨིན་པས།
སྣུམ་འཁོར་བཱོ་ལི་རོ་དང་ མ་ཧིན་ཌ་ཇིབ་ཚུ་ ཐལ་དོ་ཡོདཔ་བཞིན་དུ་ མོང་སྒར་ལུ་ འགྱོ་དགོ་པ་ཅིན་ གླ་ཆ་དངུལ་ཀྲམ་༢,༥༠༠ དང་༣,༠༠༠ གྱི་བར་ན་ གནས་བའི་ཁར་ རྒྱལ་པོའི་ཞིང་ལས་འབད་བ་ཅིན་ དངུལ་ཀྲམ་༢,༠༠༠ དང་༢,༥༠༠ གི་བར་ན་ གནས་དོ་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment