གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་ཀྱི་ ངོ་རྟགས་དང་ ལམ་སྲོལ་བཟང་པོ་ཉམས་སྲུང་གི་ཐབས་ལམ།

༢༧/༨/༢༠༡༢   ༉ ཁ་ཙ་ སྐུ་མགྲོན་གཙོ་བོ་ མི་དབང་རྒྱལ་ཡུམ་ ཨ་ཞེ་ཚེ་རིང་པདྨོ་དབང་ཕྱུག་མཆོག་གིས་གཙོས་པའི་ རྒྱལ་པོའི་སྲས་སྲསམོ་ བློན་པོ་ལྷན་རྒྱས་ ཆེ་མཐོའི་འགོ་དཔོན་ དེ་ལས་ རྒྱལ་སྲས་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་  སིམ་པི་ལི་བུ་ཊཱན་ཟེར་མི་ འགྲེམས་སྟོན་ཁང་ལུ་ རབ་གནས་མཛད་གནངམ་དང་འབྲེལ་ འགོ་འབྱེད་མཛད་གནང་ཡི།
རྒྱལ་སྲས་སྤྲུལ་སྐུ་མཆོག་གིས་ སིམ་པི་ལི་བུ་ཊཱན་ལུ་ རབ་གནས་གནང་པའི་བསྒང་།


སིམ་པི་ལི་བུ་ཊཱན་ཟེར་མི་ལས་འགུལ་དེ་ རྒྱལ་ཁབ་ཀྱི་ ངོ་རྟགས་བཟང་པོའི་ ལམ་སྲོལ་བདག་འཛིན་འཐབ་ནི་དང་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་ སྔར་སྲོལ་བཟང་པོའི་ལམ་ལུགས་སྲོལ་ཚུ་ ན་གཞོན་ཚུ་གི་དོན་ལུ་ སློབ་སྦྱོང་དང་ ལམ་སྟོན་ དེ་ལས་ ཕྱི་རྒྱལ་ཁབ་ཀྱི་ ལྟ་བཤལཔ་ཚུ་གི་དོན་ལུ་ ལས་རིམ་གཞི་བཙུགས་འབད་ཡོདཔ་ཨིན་པས།
དེ་ཡང་ སིམ་པི་ལི་བུ་ཊཱན་ལས་འགུལ་གྱི་ འཛིན་སྐྱོང་པ་ཀརྨ་རྒྱལ་མཚན་གྱིས་ སིམ་པི་ལི་བུ་ཊཱན་ཟེར་མི་ འགྲེམས་སྟོན་ཁང་དེ་ མི་དབང་རྒྱལ་ཡུམ་ ཨ་ཞེ་ཚེ་རིང་པདྨོ་དབང་ཕྱུག་མཆོག་གིས་ ཐུགས་ཀྱི་དགོངས་བཞེད་ལྟར་ རྒྱལ་ཁབ་ནང་ སྔོན་དང་ཕུ་ལས་ཡོད་པའི་ རྒྱུ་དངོས་ཚུ་གིས་ ཁྱིམ་ཚུ་ག་དེ་སྦེ་ རྐྱབ་ཡོད་ག་ རང་ལུགས་ཀྱི་ལམ་སྲོལ་ཚུ་ ག་ཅི་བཟུམ་ར་ཡོདཔ་ཨིན་ན་ ཕམ་རྒན་རྒས་ཚུ་གི་གནས་སྟངས་ ག་ཅི་བཟུམ་ཅི་ཡོད་ག་ཚུ་ རྒྱུན་སྐྱོང་སྤེལ་ནིའི་དོན་ལུ་དང་ ན་གཞོན་སློབ་ཕྲུག་དང་ ལཱ་གཡོག་མེད་མི་དང་ ཡོད་མི་ཚུ་ལུ་ གོ་བ་བརྡ་སྤྲོད་དང་ སྦྱོང་བརྡར་ ཡོན་ཏན་ རིག་རྩལ་ ལམ་སྟོན་གྱི་དོན་ལུ་ ཤེས་ཡོན་སྤྲོད་ཐབས་ལུ་ཨིན་པས།
ལྷག་པར་དུ་ འགྲེམས་སྟོན་ཁང་འདི་ལུ་བརྟེན་ རང་ལུགས་ཀྱི་ ཁྱད་ཆོས་བཟང་པོ་ཚུ་ ན་གཞོན་ཚུ་གི་རྒྱུད་ལུ་ ཡར་འཕེལ་བཏང་སྟེ་ བདག་འཛིན་དང་ ཉམས་སྲུང་འབད་ནི་ བཟོ་རིགས་༡༣ ལས་མཐར་འཁྱོལ་མི་ ན་གཞོན་ཚུ་དང་ ན་གཞོན་ལཱ་གཡོག་མེད་མི་ཚུ་གི་དོན་ལུ་ གཡོག་གི་གོ་སྐབས་ དེ་ལས་ ན་གཞོན་ཚུ་ བྱ་ངན་གྱི་ ལཱ་བྱ་འཐབ་ནི་ལས་ བཀག་ཐབས་ལུ་ཨིན་པས།
འགྲེམས་སྟོན་ཁང་དེ་ཡང་ ཆུ་ཁ་རྫོང་ཁག་དང་ དབང་འདུས་ཕོ་བྲང་ ཀྲོང་གསར་ སྤུ་ན་ཁ་ བུམ་ཐང་ དེ་ལས་ ཐིམ་ཕུ་རྫོང་ཁག་༦ ལས་ ཧེ་མའི་ རྒྱུ་ཆས་ཤིང་དང་ རྡོ་ དགོས་མཁོ་ཆེ་བའི་དངོས་པོ་གཞན་ཚུ་ མཁོ་སྒྲུབ་འབད་ཡོདཔ་མ་ཚད་ རྒྱུ་དངོས་ཚུ་ཡང་ ལོ་༤༠༠ ལྷག་ཙམ་སོང་མི་ བྱིན་རླབས་ཅན་ཚུ་གིས་སྦེ་ བཟོ་སྐྲུན་འབད་དེ་ཡོད་ཟེར་ཨིན་པས།
ད་རེས་ འགྲེམས་སྟོན་ཁང་ནང་སྦེ་ ན་གཞོན་མཐོ་རིམ་ཤེས་ཚད་ཡོད་མི་༣ དང་ སློབ་རིམ་༡༢ པ་དང་༡༠ པ་ མཐར་འཁྱོལ་མི་ཡོངས་བསྡོམས་༣༤ ལུ་ ལཱ་གཡོག་གི་གོ་སྐབས་ཚུ་ སྤྲོད་ཡོདཔ་བཞིན་དུ་ ཁོང་ན་གཞོན་ཚུ་ཡང་ ལཱ་གཡོག་ལྷན་ཁག་དང་ ན་གཞོན་གོང་འཕེལ་མ་དངུལ་ལས་ཁུངས་༢ མཐུན་འབྲེལ་གྱི་སྒོ་ལས་ འཚོ་རྟེན་དངུལ་ཕོགས་ཚུ་ བྱིན་ནི་ཡོདཔ་ཨིན་པས།
ན་གཞོན་གོང་འཕེལ་མ་དངུལ་ལས་ཁུངས་ཀྱིས་ འགོ་འདྲེན་ཐོག་ལས་ ན་གཞོན་ཚུ་ལུ་ པར་བཏབ་ནིའི་སྦྱོང་བརྡར་དང་ གློག་བརྙན་བཟོ་ནི་ ལྟ་བཤལ་པའི་ལམ་སྟོན་འབད་ནི་ ལམ་སྲོལ་ཚུ་གི་ལྷབ་སྦྱང་ དེ་ལས་ སྒྲིག་ལམ་རྣམ་གཞག་གི་སྦྱོང་བརྡར་ གཞན་ཡང་ འགྲེམས་སྟོན་ལས་རིམ་མ་འདྲཝ་ཚུ་ འགོ་འདྲེན་འཐབ་ཐོག་ལས་ ཡོན་ཏན་ཁྱབ་སྤེལ་འབད་དོ་ཟེར་ སླབ་ཨིན་པས།
མ་འོངས་པའི་དུས་སྐབས་ལུ་ཡང་ དུས་ཀྱི་འགྱུར་བ་དང་འཁྲིལ་ཏེ་ ན་གཞོན་ཚུ་ལུ་ ལམ་སྲོལ་ཡར་དྲག་གཏང་ནི་དང་ ལཱ་གཡོག་གི་གོ་སྐབས་དང་ རྫོང་ཁག་སོ་སོའི་ལམ་སྲོལ་ཚུ་ འགྲེམས་སྟོན་ཐོག་ལས་ ཡར་འཕེལ་གཏང་ནི་ ན་གཞོན་གྱི་ ཡོན་ཏན་དང་ རིག་རྩལ་ཡར་འཕེལ་གཏང་ནིའི་དོན་ལུ་ ལཱ་དང་ ལས་རིམ་ཚུ་ མ་འདྲཝ་སྦེ་ འགོ་འདྲེན་འཐབ་ནིའི་འཆར་གཞི་དང་ ལས་རིམ་ཚུ་ ལེ་ཤ་ར་བཟོ་སྟེ་ཡོད་ཟེར་ འགོ་དཔོན་ཚུ་གིས་བཤདཔ་ཨིན་པས།
 སིམ་པི་ལི་བུ་ཊཱན་ལས་འགུལ་གྱི་ འཛིན་སྐྱོང་པ་ཀརྨ་རྒྱལ་མཚན་གྱིས་ འབད་བ་ཅིན་ ལས་འགུལ་དེ་ སྤྱི་ལོ་༢༠༡༡ སྤྱི་ཟླ་༤ པའི་ནང་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༢ ཟླ་༧ པའི་ནང་ བཟོ་སྐྲུན་འབད་ཚར་ཡོདཔ་ད་ ལས་འགུལ་གྱི་ མ་དངུལ་རྒྱབ་སྐྱོར་དེ་ མི་དབང་རྒྱལ་ཡུམ་མཆོག་གིས་ ནེ་དར་ལེནསི་ལས་ གྲོགས་རམ་འཚོལ་ཡོདཔ་བཞིན་དུ་ ད་ལྟོ་ ཟད་འགྲོ་དངུལ་ཀྲམ་ འབུམ་༦༠ ལྷགཔ་ཅིག་བཏང་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

1 comment:

  1. སྔར་སྲོལ་བཟང་པོ་བདག་འཛིན་འཐབ་ནི་མེན་པར་ཞིན་ན་མེདཔ་བཏང་ནི་ཨིན་མས། སྔར་སྲོལ་བཟང་པོ་བདག་འཛིན་འཐབ་ནི་ཨིན་པ་ཅིན་ལམ་སྲོལ་གྱི་རྩ་བ་སྐད་ཡིག་ཨིནམ་ལས་ཧེ་མ་ར་སྐད་ཡིག་བདག་འཛིན་འཐབ་དགོ། ད་རེས་ནངས་པར་ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ལུ་ཚོང་དང་ལས་སྡེ་ལ་སོགས་པ་ག་ཅི་ར་བཙུགས་ས་ཅིག་རུང་དབྱིན་སྐད་ཀྱི་ཐོག་ལས་མིང་བཏགས་ནི་ཅིག་འདུག་ས་འགྲེམས་སྟོན་ཁང་འདི་ཡང་འདི་ཚུ་གི་གྲལ་ལས་གཅིག་ཨིན་མས། རྫོང་ཁ་ནང་ལས་འདི་ཚུ་ལུ་མིང་ག་ཅི་སྦེ་བཏགས་མ་བཏུབ་ཨིན་ན།

    ReplyDelete