གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནར་ཕུུང་ཁྲོམ་ཁར་ རུ་པིའི་དཀའ་ངལ་མེདཔ།

༢༢/༨/༢༠༡༢   དེ་ཡང་ གཡུས་མི་ཚུ་གིས་ སོ་ནམ་དང་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ འབག་འོང་པའི་ཁར་ བཀྲིས་དང་ དམ་ཅན་ཚོང་ལས་སྡེ་ཚན་གྱིས་ ཚོང་ཁང་གི་ སྒོ་ཁར་ཚུན ཚོང་ཆས་ཚུ་ བཀྲམ་སྤེལ་འབད་བར་ འོང་ནི་དེ་གིས་ཨིན་པས།

༉ རྒྱལ་ཁབ་ནང་ ཚོང་པ་མང་ཤོས་ཅིག་ལུ་ རུ་པིའི་དཀའ་ངལ་གྱིས་ དོ་འགྲན་གནས་སྟངས་བྱུང་ཡོདཔ་སྦེ་ བཀོདཔ་ཨིན་རུང་ བསམ་གྲུབ་ལྗོངས་མཁར་ལས་ བཀྲིས་སྒང་ཁ་ཐུག་ ཀི་ལོ་མི་ཊར་༥༩ དེ་ཅིག་གི་ས་ཁར་ཡོད་པའི་ ནར་ཕུུང་དེ་ ཚོང་འབྲེལ་གྱི་ ས་ཁོངས་ཅིག་ལུ་ གྱུར་ནི་དེ་གིས་ དེ་ནང་གི་ ཚོང་པ་༢༠ དེ་ཅིག་ཡོད་མི་ཚུ་ལུ་ རུ་པིའི་དཀའ་ངལ་ལུ་བརྟེན་པའི་ ཁྱད་པར་ཅིག་ ག་ནི་ཡང་ མ་བྱུངམ་ཨིན་པས།
ཚོང་འབྲེལ་གནས་སྟངས་ ཨ་རྟག་ཧར་ལུགས་སྦེ་ཡོད་པའི་ ནར་ཕུང་ཁྲོམ།


ནར་ཕུང་གི་ ཚོང་པ་ཚུ་གིས་ ཚོང་ཆས་ཚུ་ མཁོ་བསྒྲུབ་འབད་ནིའི་དོན་ལུ་ བསམ་གྲུབ་ལྗོངས་མཁར་དང་ རྒྱ་གར་ཨ་སམ་གྱི་ ས་མཚམས་ཁྲོམ་སྡེ་ཚུ་ནང་ གངམ་འགྱོ་ནི་མེདཔ་ཨིན་པས།
ཁོང་གི་ ཚོང་ཆས་ཚུ་ མང་ཤོས་ར་ ནང་འཁོད་ཀྱི་ཤིང་འབྲས་དང་ ཚོད་བསྲེ་ལ་སོགས་པའི་ ཐོན་སྐྱེད་ཚུ་ ལྟེམ་ལྟེ་སྦེ་ བཙུགས་ཡོད་པའི་མཐོང་གསལ་བྱུང་བའི་ཁར་ ཚོད་བསྲེ་སྐམ་ཚུ་དང་ སྒོ་ནོར་གྱི་ཐོན་སྐྱེད་ མར་དང་དར་ཚིལ་ཚུ་ཡོདཔ་ད་ ཚོང་པ་ཚུ་གིས་ སླབ་མིའི་ནང་ གནམ་དགུན་ལུ་ཡང་ གཡུས་མི་ཚུ་གིས་ ཚོད་བསྲེ་ཧོནམོ་ཚུ་ འབག་འོང་ནི་ཡོད་ཟེར་ཨིན་པས།
ཚོང་ཁང་ནང་ བཙོང་ནི་ཡོད་མི་ ཐོན་སྐྱེད་ཚུ་ མང་ཤོས་ར་ ཉེ་འདབས་ཀྱི་གཡུས་ཚན་ སྒོམ་དར་དང་ ཨོ་རོང་གི་ སོ་ནམ་ཞིང་པ་ཚུ་གིས་ འབག་འོང་དོ་ཡོདཔ་ད་ ནར་ཕུང་དེ་ གཡུས་ཚན་དེ་༢ ཀྱི་བར་ན་ གཞུང་ལམ་ཁར་ ཆགས་ཡོདཔ་ཨིན་པས།
ནར་ཕུང་གི་ ཚོང་པ་ཚུ་གིས་ ཨོ་རོང་རྒེད་འོག་གི་ ངང་ལ་དང་ རས་མོང་ གཡུས་མི་ཚུ་གིས་ ཟླཝ་རེ་ནང་ ཚར་༢ རེ་ དངུལ་ཀྲམ་༥,༠༠༠ དེ་ཅིག་གི་ སོ་ནམ་ཐོན་སྐྱེད་ཚུ་ འབག་འོང་སྟེ་ ནར་ཕུང་ཁྲོམ་ལས་ ཆུམ་དང་ ཚྭ་ལ་སོགས་པའི་ བཟའ་ཆས་ཚུ་དང་ བརྗེ་སོར་འབད་དོ་ཡོདཔ་ད་ སོ་ནམ་ཐོན་སྐྱེད་ཚུ་མེན་པའི་ ཆང་དང་ ཚོང་ཆས་གཞན་ཚུ་ བཀྲིས་ཚོང་ལས་དང་ དམ་ཅན་ཚོང་ལས་སྡེ་ཚན་གྱིས་ སྣུམ་འཁོར་ནང་སྦེ་ བཙོང་པར་འབག་འོང་མིའི་ནང་ལས་ ལེན་བཞགཔ་ཨིན་པས།
སྐྱེས་ལོ་༣༥ འབད་མི་ ཚོང་པ་གནག་མདོག་གིས་ སླབ་མིའི་ནང་ ཚོང་ཆས་ག་ར་ རང་གི་སྒོ་ཁར་ཚུན་ཚོད་ སྐྱེལ་བར་འོང་མི་ཡོདཔ་ད་ ལཱ་ཁག་སྦེ་ བསམ་གྲུབ་ལྗོངས་མཁར་དང་ ཨ་སམ་ད་རང་ག་ཚུན་ ཚོང་བཏོན་པར་ འགྱོ་ནི་མེད་ཟེར་ཨིནམ་ད་ ཁོང་གི་ཁྲོམ་དེ་ནང་ ནང་འཁོད་ཀྱི་ ཐོན་སྐྱེད་ཚུ་གིས་ གང་ཡོདཔ་ལས་ རུ་པིའི་དཀའ་ངལ་ འབྱུང་དགོཔ་མེད་ཟེར་ཨིན་པས།
ད་རུང་ ལོ་ངོ་༡༠ དེ་ཅིག་ ས་གནས་དེ་ཁར་ ཚོང་ཁང་བཙུགས་སྡོད་མི་ རྡོ་རྗེ་གིས་ སླབ་མིའི་ནང་ གཡུས་མི་ཚུ་དང་ དེ་ལས་ བཀྲིས་དང་ དམ་ཅན་ཚོང་ལས་སྡེ་ཚན་གྱིས་ སྒོ་ཁར་ཚུན་བསྐྱལ་མི་ ཚོང་ཆས་ཚུ་ ལེན་ཐོག་ལས་ ཚོང་འབྲེལ་འཐབ་ནི་དེ་ ལཱ་འཇམ་པས་ཟེར་བཤད་ཅི།
སྐྱེས་ལོ་༥༥ དེ་ཅིག་ལང་མི་ ཨ་ལུ་༧ གྱི་ ཨའི་གིས་ སླབ་མིའི་ནང་ སྣུམ་འཁོར་གླ་ཁར་ལེན་ཏེ་ བསམ་གྲུབ་ལྗོངས་མཁར་དང་ ཨ་སམ་ལུ་ ཚོང་བཏོན་པར་འགྱོ་ནི་བ་ ས་གོ་ནང་ བསྐྱལ་བྱིན་མི་དེ་ ལེན་ཞིནམ་ལས་ བཙོང་ནི་དེ་ ཁེ་སེང་ཆེ་བས་ཟེར་ཨིན་པས།
དེ་བཟུམ་སྦེ་ ནར་ཕུང་ཁྲོམ་ཁར་ མོ་རའི་ ཐོན་སྐྱེད་ཚུ་འབག་སྟེ་ ཚོང་དང་གཅིག་ཁར་ བརྗེ་སོར་འབད་བར་འོང་མི་ རས་མོང་གཡུས་ཚན་ལས་ སྐྱེས་ལོ་༦༠ འབད་མི་ བཟང་མོ་གིས་ སླབ་མིའི་ནང་ མོ་གིས་ ནར་ཕུང་ལས་ བཟའ་འཐུང་གི་རིགས་ཚུ་ བརྗེ་སོར་འབད་མི་དེ་ མོ་ར་ ལོ་ན་གཞོནམ་སྦེ་ སྡོད་པའི་སྐབས་ལས་ར་ ལག་ལེན་འཐབ་སྡོད་ཅི་ཟེར་ཨིནམ་ད་ ད་རེས་འབདཝ་ད་ ལོ་ངོ་༥༠ དེ་ཅིག་ སོང་ཡི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཁོང་གི་ས་གནས་ནང་ ནར་ཕུང་ཁྲོམ་ རྐྱངམ་གཅིག་ལས་ མེད་པ་ལུ་བརྟེན་ གཡུས་མི་ཚུ་གི་ ཁོང་རའི་ སོ་ནམ་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་སའི་ ས་གནས་གཙོ་ཅན་ཅིག་ ཨིན་ཟེར་ཨིན་པས།
ནར་ཕུང་གི་ ཚོང་པ་ཚུ་གིས་ གཡུས་མི་ཚུ་དང་གཅིག་ཁར་ བཟའ་ཆས་ཚུ་གི་ ཚོང་འབྲེལ་འཐབ་དོ་ཡོདཔ་མ་ཚད་ ཆང་གི་རིགས་ཚུ་ རྡོ་དཀར་འབག་མི་ སྣུམ་འཁོར་ཊཱག་གི་ དེད་གཡོགཔ་ཚུ་ལུ་ བཙོང་ཚུགས་དོ་ཡོདཔ་ད་ དེ་ཡང་ དེད་གཡོགཔ་ཚུ་གིས་ ས་གནས་དེ་ཁར་ ངལ་འཚོ་སྟེ་ བཞེས་སྒོ་དང་ ཆང་འཐུང་སྟེ་ སྡོད་ནི་དེ་གིས་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment