གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་གནས་གཞུང་གི་ཚོགས་པ་ དགོངས་ཞུ་འབད་མ་ཆོག་པའི་བཀའ་རྒྱ་དེ་ ཁྲིམས་མཐུན་མེདཔ།

༢༤/༨/༢༠༡༢   ༉ འདས་པའི་བདུན་ཕྲག་ནང་ བཙག་འཐུ་ལྷན་ཚོགས་ཀྱིས་ ས་གནས་གཞུང་གི་ བཙག་འཐུ་གྲུབ་མིའི་འཐུས་མི་ཚུ་ གཟུགས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ དཀའ་ངལ་ཚབས་ཆེན་འཐོན་པ་ཅིན་མ་གཏོགས་ བཙག་འཐུའི་དོན་ལུ་ གཞུང་གིས་ ཟད་འགྲོ་མང་རབས་ཅིག་བཏང་ཡོདཔ་ལས་ དགོངས་ཞུ་འབད་མི་ཆོག་ཟེར་བའི་ བཀའ་རྒྱ་ཅིག་ བརྡ་བརྒྱུད་ཚུ་ནང་ ཁྱབ་སྤེལ་འབད་མི་ལུ་ ལ་ལུ་ཅིག་གིས་ རྒྱབ་སྐྱོར་འབད་དགོཔ་བཟུམ་ཅིག་མཐོངམ་ཨིན་རུང་ མང་ཆེ་ཤོས་ཅིག་གིས་ འོས་འབབ་དང་མ་ལྡནམ་སྦེ་ སླབ་ཨིན་པས།


མ་གཞི་ བཅའ་ཁྲིམས་ཚུ་དང་འཁྲིལ་བ་ཅིན་ བཙག་འཐུ་ལས་གྲུབ་པའི་འཐུས་མི་ག་ར་འབད་རུང་ གནས་སྟངས་ག་ཅིག་ཐོག་ལས་ཡང་ དགོངས་ཞུ་འབད་ནི་གི་བློ་འདོད་འབྱུང་པ་ཅིན་ དེ་དང་འཁྲིལ་ཏེ་ དཔེ་འབད་བ་ཅིན་ རྒེད་འོག་ཚོགས་སྡེའི་འཐུས་མི་ཨིན་པ་ཅིན་ རྒེད་འོག་ཚོགས་སྡེའི་ཁྲི་འཛིན་ལུ་ དགོངས་ཞུའི་ཡི་གུ་བཙུགས་ཐོག་ལས་ དགོངས་ཞུ་འབད་ཆོགཔ་ཨིན་པས།
བུམ་ཐང་འཐུས་མི་ ཚེ་དབང་འགྱུར་མེད་ཀྱིས་འབད་བ་ཅིན་ མ་གཞི་ཁྲིམས་ལུགས་དང་འཁྲིལ་བ་ཅིན་ དགོངས་ཞུ་འབད་མི་ཆོག་ཟེར་ བཀག་ཆ་འབད་ནི་གི་དབང་ཚད་མེདཔ་ཨིན་རུང་ དགོངས་ཞུ་འབད་མི་ཚུ་གིས་ ལྷག་བསམ་གི་ཐོག་ལས་ བཙག་འཐུ་ཐེངས་རེ་གི་དོན་ལུ་ ཟད་འགྲོ་མ་དངུལ་ག་དེམ་ཅིག་གནས་ཨིན་ན་ སེམས་ཁར་བཞག་ཐོག་ལས་ ངོས་ལེན་འབད་དགོཔ་འདུག་ཟེར་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ཟླ་༨ པའ་ིཚེས་༡༧ ལུ་ བརྡ་བརྒྱུད་ཀྱི་ཐོག་ལས་ བཙག་འཐུ་ལས་གྲུབ་པའི་འཐུས་མི་ཚུ་གིས་ གཟུགས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ གནས་སྟངས་ལུ་བརྟེན་ དགོངས་ཞུ་འབད་བ་ཅིན་མ་གཏོགས་ དེ་མིན་ བཙག་འཐུའི་དོན་ལུ་ ཟད་འགྲོ་བཏང་ཡོད་མི་ཚུ་ ལོག་སྤྲོད་དེ་མ་གཏོགས་ དགོངས་ཞུ་གཏང་ནི་མེད་ཟེར་བཀོད་ནུག།
དེ་ཡང་ གཙོ་བོ་ར་ ས་གནས་གཞུང་གི་རྒེད་འོག་ཚོགས་སྡེ་ནང་གི་ ཚོགས་པ་ཚུ་ལུ་ ལཱ་འགན་དེ་ དོ་འགྲན་ཅན་གྱི་གནས་སྟངས་ ཡར་མར་འགྱོ་དགོཔ་ད་ བརྡ་འཕྲིན་ཕར་ཚུར་བསྐྱལ་ནིའི་དོན་ལུ་ ལཱ་སྟོང་ཆགས་སྟེ་ གཡུས་ཚན་གཅིག་ལས་གཅིག་ལུ་ འགྱོ་དགོ་པའི་དཀའ་སྡུག་ལུ་བརྟེན་ ཚོགས་པ་ལེ་ཤ་ཅིག་གིས་ དགོངས་ཞུ་འབད་ནི་གི་ དང་འདོད་བསྐྱེད་དོ་ཡོདཔ་ལས་ གལ་སྲིད་ཁོང་གིས་ དགོངས་ཞུ་འབད་བ་ཅིན་ ད་རུང་ ས་སྟོང་བསུབ་ནི་གི་དོན་ལུ་ བཙག་འཐུ་བྱ་རིམ་འགོ་འདྲེན་འཐབ་དགོ་པའི་ གནས་སྟངས་འབྱུང་ནི་ཨིནམ་བཞིན་དུ་ ཡང་བསྐྱར་དུ་བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ ཟད་འགྲོ་རྒྱ་ཆེ་དྲགས་སྦེ་ གནས་ནི་ཨིནམ་ལས་ ལྷན་ཚོགས་ཀྱིས་ དགོངས་ཞུ་འབད་མི་ཚུ་ བཀག་ཆ་འབདཝ་ཨིན་པས།
སྐྱེས་ལོ་༥༠ དེ་ཅིག་ཨིན་མི་ པདྨ་དགའ་ཚལ་བདེ་ཆེན་གླིང་གི་ཚོགས་པ་ ཀུན་བཟང་གིས་ སླབ་མིའི་ནང་ ཚོགས་པ་གི་ལཱ་དེ་ གནམ་མེད་ས་མེད་ འུ་སྡུག་དགོ་པའི་ ལཱ་ཅིག་ཨིནམ་ད་ ལཱ་འགན་དེ་གི་དོན་ལུ་ ལྕོགས་གྲུབ་མེད་པར་ དགོངས་ཞུ་འབད་ནི་ཟེར་མི་ལུ་ ལྷན་ཚོགས་ཀྱིས་ དབང་ཤུགས་ཐོག་ལས་ དགོངས་ཞུ་འབད་མ་ཆོགཔ་སྦེ་ བཀག་ཆ་འབད་ནི་དེ་ འོས་ལྡན་ཅིག་མི་མཐོང་པས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཚོགས་པ་ཚུ་ལུ་ དངུལ་ཕོགས་མེད་པའི་ཁར་ ལཱ་ཚུ་ཡང་ ལཱ་ཁག་མིན་འདུག་ཟེར་ཨིན་པས།
ད་རེས་ནངས་པ་ དངུལ་ཕོགས་དུམ་གྲ་ཅིག་ཡོདཔ་ལས་ སྤྱི་འབོད་ཀྱི་ལཱ་ལས་ འགོ་བཙུགས་ཏེ་ ག་ར་འབད་དགོཔ་ད་ ལོ་ན་རྒས་མི་ཚུ་ ལཱ་ཁག་རྐྱབ་མི་ལུ་བརྟེན་ རྒན་རིམ་ཚུ་དགོངས་ཞུ་འབད་ཞིནམ་ལས་ གཞོན་ཤོས་ཚུ་ལུ་ གོ་སྐབས་བྱིན་དགོཔ་ འདུག་ཟེར་ཨིན་པའི་ཁར་ ཁོ་ཡང་ དགོངས་ཞུ་འབད་ནི་གི་བསམ་འཆར་ ཡོད་ཟེར་ཨིན་པས།
ཚོགས་པ་གཞན་མི་ཅིག་གིས་ སླབ་མིའི་ནང་ དེ་བཟུམ་སྦེ་ ཚོགས་པ་ཚུ་ ཚར་ཅིག་བཙག་འཐུ་འབད་ཞིནམ་ལས་ དགོངས་ཞུ་འབད་མ་ཆོགཔ་སྦེ་ བཀག་པའི་ཁར་ ལཱ་འགན་དེ་དོ་འགྲན་ཅན་ཅིག་ཨིནམ་མ་ཚད་ བཟའ་ཚང་མཐའ་སྐྱོང་འབད་ནི་ལུ་དལ་ཁོམས་མེད་པའི་གུ་ གཞུང་ལས་དངུལ་ཕོགས་ཕྱམ་ཕྱིམ་ཅིག་ལས་ གནང་ནི་མེད་མི་གིས་ དཀའ་ངལ་སྦོམ་ར་བྱུམ་མས་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ལཱ་བྱ་དེ་གིས་ ཤུལ་ལས་ཚོགས་པའི་དོན་ལུ་ དང་འདོད་བསྐྱེད་མི་ ག་ཡང་མི་ཐོན་ནི་གི་ ཉེན་ཁ་ཡང་ འདུག་ཟེར་ཨིན་པས།
རྒྱལ་ཡོགས་ཚོགས་སྡེའི་ཁྲི་འཛིན་འོགམ་ བསོད་ནམས་ཀུན་དགའ་གིས་ འབད་བ་ཅིན་ མ་གཞི་ བཙག་འཐུ་ལྷན་ཚོགས་ཀྱིས་ ཟད་འགྲོ་ལུ་ ཐུགས་ཚ་གྱང་བཞེས་མི་དེ་ ལེགས་ཤོམ་ཅིག་ཨིན་རུང་ ལྷན་ཚོགས་ཀྱི་ལཱ་འགན་དེ་ བཙག་འཐུ་འདྲ་མཉམ་དང་ དྲང་བདེན་ཐོག་ འགོ་འདྲེན་འཐབ་ནི་མ་གཏོགས་ དེ་བཟུམ་མའི་ཚ་གྱང་ལང་མི་ གཙུག་སྡེ་སོ་སོ་ ཡོདཔ་ཨིན་ཟེར་ཨིན་པས།
ལམ་ལུགས་དང་བསྟུན་ བཙག་འཐུའི་ལས་རིམ་འགོ་འདྲེན་འཐབ་སྟེ་ བཙག་འཐུའི་བྱ་སྒོའི་རིམ་པ་ཚུ་ བདག་འཛིན་འཐབ་སྟེ་ འབད་ནི་ལས་ ད་ལྟོ་བཟུམ་གྱི་གནས་སྟངས་ནང་ ཁྲིམས་དང་མ་མཐུན་པའི་ བཀའ་རྒྱ་དེ་བཟུམ་ གསལ་བསྒྲགས་འབད་ནི་དེ་ ཚུལ་དང་མཐུནམ་ཅིག་ མ་མཐོང་ཟེར་ཨིན་པས།
དེ་ཡང་ གལ་སྲིད་ ཚོགས་པ་ཅིག་གིས་ དགོངས་ཞུ་འབད་ནི་གི་ དང་འདོད་བསྐྱེད་ཐོག་ལས་ ཞུ་ཡིག་བཙུགས་པའི་སྐབས་ བཀའ་རྒྱ་དེ་ལྟར་དུ་ ངོས་ལེན་འབད་མ་བཏུབ་བ་ཅིན་ ཁྲིམས་དང་འཁྲིལ་ དྲང་ཁྲིམས་ཀྱི་འདུན་སར་ བསྐྱལ་ཞིནམ་ལས་ རྩོད་བཤེར་འབད་ནི་གི་ གོ་སྐབས་ མི་སེར་ཚུ་ལུ་ཡོད་ཟེར་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment