གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ངོས་ལེན་མཐུན་འགྱུར་ལས་རིམ་ཐེངས་༢ པའི་ ཞལ་འཛོམས་འགོ་བཙུགས།

༢༣/༨/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ལུ་ རྒྱལ་ཡོངས་རང་བཞིན་གནས་སྟངས་ལྷན་ཚོགས་ཀྱིས་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་མ་དངུལ་དང་ མཉམ་འབྲེལ་ཐོག་ལས་ རྒྱལ་ཡོངས་ངོས་ལེན་མཐུན་འགྱུར་ལས་རིམ་ཐེངས་༢ པ་ འགོ་བཙུགས་ཀྱི་ གོ་བསྡུར་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ཅི།


ཞལ་འཛོམས་དེ་ཡང་ གནམ་གཤིས་ལུ་བརྟེན་པའི་ ཉེན་ཁ་ཚུ་ལུ་ རྒྱལ་ཡོངས་དང་ ས་གནས་ཀྱི་ ལྕོགས་གྲུབ་ རྒྱ་བསྐྱེད་ཐོག་ ངོས་ལེན་འབད་ཐབས་ཟེར་བའི་ བརྗོད་དོན་ཐོག་ལུ་ འགོ་འདྲེན་འབད་ཡོདཔ་ཨིན།
རྒྱལ་ཡོངས་མཐུན་འགྱུར་ངོས་ལེན་ལས་རིམ་དེ་ཡང་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་མ་དངུལ་གྱི་ བཀོད་ཁྲམ་འོག་ལུ་ གོང་འཕེལ་མ་འགྱོ་བའི་རྒྱལ་ཁབ་ཚུ་ནང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་པའི་ གནད་དོན་ཚུ་ལུ་ གློ་བུར་གྱི་ ངོས་ལེན་འབད་ཐངས་ཀྱི་ རྟེན་གཞི་ཅིག་ཨིན་པས།
འབྲུག་ལུ་ རྒྱལ་ཡོངས་མཐུན་འགྱུར་ངོས་ལེན་ལས་རིམ་དང་པའི་ ལས་འགུལ་འཆར་གཞི་དེ་ གནམ་གཤིས་འགྱུར་བགྲོད་དང་འཁྲིལ་ ཁེྱགས་མཚོ་ཚུ་ལུ་བརྟེན་པའི་ ཉེན་ཁ་དང་ གནོད་ཉེན་མར་ཕབ་ཀྱི་དོན་ལུ་ སྤུ་ན་ཁ་ དབང་འདུས་དང་ ལྕམ་མཁར་ལུང་གཤོང་ཚུ་གི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ད་རེས་ འཆར་གཞི་དེ་ ལག་ལེན་འཐབ་ནིའི་ གནས་སྟངས་ནང་ ལྷོད་དེ་ཡོདཔ་ཨིན་པས།
ད་རེས་ཀྱི་ལས་འགུལ་གྱི་ གནས་གོང་དེ་ ཡུ་ཨེསི་ཌོ་ལར་ ས་ཡ་༡༢ དེ་ཅིག་ཨིནམ་ལས་ ད་ལྟོ་ཚུན་ལུ་ འབྲུག་གཞུང་གིས་ འགོ་འདྲེན་འཐབ་མི་ མཐུན་འགྱུར་ལས་རིམ་ཚུ་གི་གྲས་ལས་ སྦོམ་ཤོས་ཅིག་ཨིན་ཟེར་ རྒྱལ་ཡོངས་རང་བཞིན་གནས་སྟངས་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་སླབ་ཅི།
ད་རེས་ནངས་པ་ ལྷན་ཚོགས་ཀྱིས་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་མ་དངུལ་གྱི་ རྒྱབ་སྐྱོར་ཐོག་ལས་ གོང་འཕེལ་མ་འགྱོ་བའི་ རྒྱལ་ཁབ་ཚུ་གི་མ་དངུལ་ལས་ ཟད་འགྲོ་ཚུ་ འཐོབ་ནིའི་ཐད་ལུ་ ལས་འགུལ་གྱི་ འཆར་གཞིའི་གྲོས་འཆར་གྱི་ལཱ་ཚུ་ འབད་བའི་བསྒང་ར་ཡོདཔ་ད་ ཟད་འགྲོ་ཚུ་ ཐོབ་ཚར་བའི་ཤུལ་ལས་ ལས་འགུལ་དེ་ གཞུང་གི་ལས་སྡེ་ཚུ་དང་ གཞུང་མིན་ལས་ཚོགས་ དེ་ལས་ སྒེར་སྡེ་ལེ་ཤ་ཅིག་གིས་ ལག་ལེན་འཐབ་འོང་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ཞལ་འཛོམས་འགོ་འབྱེད་ཀྱི་སྐབས་ལུ་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་དྲུང་ཆེན་ དྲགོས་ཌོག་ཊར་ ཨོ་རྒྱན་ཚེ་དབང་གིས་ ལས་འགུལ་དེ་ གཙོ་བོ་ར་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་པའི་ རྐྱེན་ངན་ཚུ་ལུ་ གྲ་སྒྲིག་ཀྱི་དོན་ལུ་ཨིནམ་ལས་ རྒྱལ་ཁབ་ནང་ ཁག་ཆེ་དྲགས་ཅིག་ཨིན་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ གནམ་གཤིས་འགྱུར་བགྲོད་ཀྱི་ཞལ་འཛོམས་ཚུ་གི་སྐབས་ འབྲུག་གི་རྩིས་པའི་ རྒྱལ་ཁབ་གཞན་ཚུ་ནང་ཡང་ དེང་སང་གི་ གནམ་གཤིས་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་དོ་ཡོདཔ་ད་ དཔེ་འབད་བ་ཅིན་ ད་རེས་ནངས་པ་ འཛམ་གླིང་གི་ཚ་དྲོད་ཚུ་ ཡར་འཕར་འགྱོ་དོ་ཡོད་པའི་ཁར་ ཆར་ཆུ་ཚུ་ཡང་ དུས་སུ་མ་འབབ་ དེ་ལས་ རླུང་འཚུབས་དང་ ཆུ་རུད་ཚུ་ རྒྱ་ཆེ་དྲགས་སྦེ་ ཐོནམ་ཨིན་པས་ཟེར་སླབ་ཅི།
དེ་བཟུམ་སྦེ་ འབྲུག་བཟུམ་ཅིག་འབད་རུང་ ཐོར་ཐོར་མི་ཁེྱགས་མཚོ་ཚུ་ བཞུ་འགྱོ་དོ་ཡོད་པའི་ཁར་ འགས་འགྱོ་ནིའི་ ཉེན་ཁ་ཡོད་མི་ཚུ་ གནམ་གཤིས་འགྱུར་བགྲོད་ཀྱི་ སྒྲུབ་བྱེད་ཅིག་ཨིན་མས་ཟེར་ ཁོ་གིས་སླབ་ཨིན་པས།
དེ་མ་ཚད་ མི་སྡེའི་ནང་ འཐུང་ཆུ་མ་ལང་པའི་ དཀའ་ངལ་ཚུ་ཡང་ བྱུང་དོ་ཡོདཔ་མ་ཚད་ དེ་བཟུམ་མའི་ རྐྱེན་ངན་ཚུ་གིས་ ད་ལྟོ་ལས་ར་གནོད་པ་ཚུ་ བྱུང་དོ་ཡོདཔ་ལས་ ཐབས་ལམ་བཏོན་དགོཔ་ཚུ་ ཁག་ཆེ་བས་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment