གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྔོན་བྱིན་ཟད་འགྲོ་ མ་ལང་མི་ལུ་བརྟེན་ བཟོ་སྐྲུན་གྱི་ལཱ་ ཐོགས་ལུས་ཡོདཔ།

༢༠/༨/༢༠༡༢   ༉ ཕུན་ཚོགས་གླིང་ ཨོ་མོ་ཆུའི་རྐང་ཟམ་རྐྱབ་ནིའི་ ལཱ་མཚམས་འཇོག་སྦེ་ལུས་ཏེ་ ཟླཝ་༢ དེ་ཅིག་ སོང་མི་དེ་ཡང་ ཁྲོམ་སྡེ་ལས་འཛིན་གྱིས་ ཁག་འབགཔ་ལུ་ སྔོན་བྱིན་གྱི་ཟད་འགྲོ་ ཐེངས་གཉིས་པ་ སྤྲོད་མ་ཚུགས་ནི་དེ་གིས་ཨིན་པས།

བཟོ་སྐྲུན་ཐོགས་ལུས་མི་ ཨོ་མོ་ཆུའི་རྐང་ཟམ།

རྐང་ཟམ་བཟོ་སྐྲུན་གྱི་ལཱ་དེ་ ཁག་འབགཔ་དེ་གིས་ ཕུན་ཚོགས་གླིང་ལུ་ ལཱ་ཁག་༡༡ འབད་དོ་ཡོད་མི་ཚུ་གི་གྲས་ལས་༡ ཨིནམ་ད་ ལཱ་ཚུ་ ལོག་འཕྲོ་མཐུད་འབད་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༧.༢ དགོཔ་ཨིན་པས།
རྨང་གཞི་བཙུགས་ཚར་མིའི་ཟམ་དེ་ ཟླ་ངོ་༡༨ ཀྱི་ནང་འཁོད་ལུ་ བསྒྲུབ་དགོཔ་ཨིན་རུང་ ཁག་འབགཔ་གིས་ སྔོན་བྱིན་གྱི་གླ་ཆ་སྤྲོད་ནི་མེད་པར་ ལཱ་འཕྲོ་མཐུད་འབད་མ་ཚུགསཔ་ལས་ ས་གནས་མི་སེར་ཚུ་ལུ་ བར་ཆད་རྐྱབ་པའི་ གཞི་གནས་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
རྐང་འགྲུལ་པའི་ཟམ་དེ་ རྐང་ལམ་ཁག་གཉིས་ནང་ རྐྱབ་ནི་ཨིན་མི་དེ་ཡང་ གཅིག་ སྣུམ་འཁོར་ཊཱག་བཞག་ས་དང་ གཞན་མི་དེ་ ཕུན་ཚོགས་གླིང་ འབྲིང་རིམ་སློབ་གྲྭ་གོང་མའི་ སྦོ་ལོགས་ཁར་ལས་རྐྱབ་ནི་ཨིན་པས།
ས་གནས་དེ་ཁར་ སྡོད་མི་ཅིག་གིས་ སླབ་མིའི་ནང་ བཟོ་སྐྲུན་གྱི་དོན་ལུ་རྐང་ལམ་གྱི་བར་ན་ ས་དོང་རྐོ་ཡོད་མི་དེ་ མིག་གིས་མ་མཐོང་པར་ སློབ་ཕྲུག་ཨུ་ལུ་ཚུ་ ས་དོང་ནང་བུད་བའི་ལོ་རྒྱུས་ཚུ་ཡང་ བྱུང་ཡི་ཟེར་ཨིནམ་ད་ བཟོ་སྐྲུན་དེ་གི་སྐོར་ལས་ ག་ཅི་ར་འབད་དོ་ཡོདཔ་ཨིན་ན་ ཧ་མི་གོ་བས་ཟེར་ཨིན་པས།
ཕུན་ཚོགས་གླིང་གི་ཁྲོམ་དཔོན་ ཚེ་བརྟན་རྡོ་རྗེ་གིས་འབད་བ་ཅིན་ ཕུན་ཚོགས་གླིང་རྒེད་འོག་གི་ སློབ་ཕྲུག་དང་ མི་སེར་ཚུ་ལུ་ ཕན་ཐབས་ལུ་དམིགས་ཏེ་ ཟམ་དེ་རྐྱབ་ནི་འགོ་བཙུགས་ཅི་ཟེར་ཨིནམ་ད་ ཟམ་དེ་བསྒྲུབ་ཚར་བའི་བསྒང་ལས་ རྒེད་འོག་གི་མི་སེར་ཚུ་ ཕུན་ཚོགས་གླིང་གི་གཞུང་ལམ་ ཨོ་མོ་ཆུ་ཟེར་སླབ་མི་ རྡོ་ཏི་ཁོ་ལའི་ཟམ་ལས་ སྐོར་འགྱོ་མི་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ཀྱི་གནས་སྟངས་ནང་ ཨོ་མོ་ཆུ་ཟམ་བརྒྱུད་དེ་ འགྲོ་འགྲུལ་འབད་མི་ སྣུམ་འཁོར་ལེ་ཤ་ཅི་ར་ ཐོན་དོ་ཡོདཔ་ལས་ སློབ་ཕྲུག་ཚུ་ འགྲོ་འགྲུལ་འབད་ནི་ལུ་ ཉེན་ཁ་ཅན་ཅིག་ཨིནམ་མ་ཚད་ གཡུས་མི་ཚུ་གིས་ཡང་ ཨོ་མོ་ཆུ་བརྒལ་འགྱོ་ནི་ལུ་ དཔའ་བཅམ་དོ་ཡོདཔ་ལས་ དེ་གིས་ བྱ་སྟབས་མ་བདེཝ་ སྦོམ་སྦེ་ར་ཡོད་ཟེར་ཨིན་པས།
ཨིན་རུང་ ཨེ་ཤི་ཡཱན་ གོང་འཕེལ་དངུལ་ཁང་ལས་ མ་དངུལ་མ་ལྷོད་ནི་དེ་གིས་ དུས་ཅི་ སྤྱི་ཟླ་༦ པ་ལས་ ཁག་འབགཔ་ལུ་ སྔོན་བྱིན་ཟད་འགྲོ་སྤྲོད་མ་ཚུགས་ཟེར་ཨིནམ་ད་ ད་རེས་ནངས་པ་ ཕུན་ཚོགས་གླིང་ལུ་ཡོད་པའི་ ཨེ་ཤི་ཡཱན་ གོང་འཕེལ་དངུལ་ཁང་གི་ ཡིག་ཚང་དང་གཅིག་ཁར་ གྲོས་བསྟུན་འབད་བའི་བསྒང་ར་ཡོད་ཟེར་ ཁྲོམ་དཔོན་གྱིས་སླབ་ཡོདཔ་ཨིན་པས།
དངུལ་ཁང་གི་ འགོ་དཔོན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ བདུན་ཕྲག་ཤུལ་མའི་ནང་ མ་དངུལ་ལྷོད་ནི་ལུ་ རེ་བ་བསྐྱེད་དོ་ཟེར་ཨིནམ་མ་ཚད་ དཀའ་ངལ་དེ་ཡང་ དངུལ་ཁང་གིས་ མི་མང་དངུལ་རྩིས་སྡེ་ཚན་ལས་ མ་དངུལ་ཚུ་ དུས་ཚོད་ཁར་བྱིན་ནི་ལུ་ ཕྱིས་སོ་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དངུལ་ཁང་གིས་ ཁག་འབགཔ་ལུ་ དངུལ་ཀྲམ་ས་ཡ་༡.༧ བྱིན་ཡོདཔ་ཨིན་རུང་ དེ་གིས་ ལཱ་ཁག་༡༡ འབད་མི་ཚུ་ག་ར་ འཕྲོ་མཐུད་འབད་ནི་ལུ་ ལང་མ་ཚུགས་པས་ཟེར་ཨིན་པས།
ཟམ་བཟོ་སྐྲུན་གྱི་ ལཱ་དེ་དང་གཅིག་ཁར་ ད་ལྟོ་འབད་བའི་བསྒང་ཡོད་མི་ ལཱ་གཞན་མི་ཚུ་ཡང་ མི་ལམ་བཟོ་ནི་དང་ མི་སྡེའི་གླིང་ག་བཟོ་ནི་ དེ་ལས་ གཞུང་ལམ་རྒྱ་བསྐྱེད་འབད་ནི་དང་ འགྲུལ་འཁོར་ལམ་རྒྱ་འགྲམ་ཚུ་ ཡར་དྲག་གཏང་ནི་ཚུ་ཨིན་ཟེར་ དངུལ་ཁང་གི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
རྒྱ་བརཔ་བཟོ་སྐྲུན་ལས་སྡེ་ལས་ ཡོངས་ཁྱབ་འཛིན་སྐྱོང་འགོ་དཔོན་ རྣམ་རྒྱལ་གྱིས་འབད་བ་ཅིན་ མ་གཞི་ ཁྲོམ་སྡེ་ལས་ ཟད་འགྲོ་སྔོན་བྱིན་ དངུལ་ཀྲམ་ ས་ཡ་༡.༧ ཐོབ་ཡོདཔ་ཨིན་རུང་ དེ་གིས་ བཟོ་སྐྲུན་གྱི་ཅ་ཆས་ མཁོ་སྒྲུབ་འབད་ནི་དང་ ལས་མི་ཚུ་ལུ་ གླ་ཆ་སྤྲོད་ནི་ ལང་མ་ཚུགས་ཟེར་ཨིན་པས།
ད་རེས་ནངས་པ་ རྒྱ་གར་གྱི་ཏི་རུ་ རུ་པིའི་དཀའ་ངལ་ལུ་བརྟེན་ ཅ་ཆས་ཚུ་ ཉོ་འདྲེན་འབད་ནིའི་དོན་ལུ་ ཏི་རུ་ཚུ་  སྔོན་སྤྲོད་འབད་དགོཔ་མ་ཚད་ ལས་མིའི་གླ་ཆ་ཚུ་ཡང་ ཉིན་བསྟར་བཞིན་དུ་ སྤྲོད་དགོ་པས་ཟེར་ རྣམ་རྒྱལ་གྱིས་སླབ་ཨིན་པས།
རྣམ་རྒྱལ་གྱིས་ བཤད་མིའི་ནང་ ད་ལྟོ་ཚུན་ལུ་ ལཱ་བརྒྱ་ཆ་༤༠ དེ་ཅིག་ མཇུག་བསྡུ་ཡོདཔ་ལས་ ཧེ་མ་ མཁོ་འདོད་བཀོད་མི་ ཟད་འགྲོ་ དངུལ་ཀྲམ་ས་ཡ་༧.༢ གྱི་ ཕྱེད་ཀ་དེ་ཅིག་ཐོབ་རུང་ བཏུབ་ནི་ཨིན་མས་ཟེར་ སླབ་ཅི་ཟེར་ཨིན་པས།
ཁྲོམ་སྡེ་གིས་ ཟད་འགྲོ་མ་དངུལ་ཚུ་ འཐོབ་ཚུགས་པ་ཅིན་ དུས་ཅིའི་ སྤྱི་ཟླ་༩ པའི་ བར་མཚམས་དེ་ཅིག་ཁར་ ལཱ་ཚུ་མཇུག་བསྡུ་སྟེ་ ཞབས་ཏོག་ཚུ་ ལག་ལེན་འཐབ་ཚུགས་ཟེར་ སླབ་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment