གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲོམ་སྡེའི་འཐུས་མི་ཚུ་ལུ་ ཚོགས་ཡོན་འདྲ་མཉམ་མེདཔ།

༣༠/༨/༢༠༡༢     བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་ཚོགས་འདུའི་ནང་ གནད་དོན་གཙོ་བོ་ར་ ཚོགས་ཡོན་འདྲ་མཉམ་མེད་པའི་སྐོར་ གྲོས་བསྡུར་འབད་ཡོདཔ།

༉ ཁ་ཙ་ མཇུག་བསྡུ་མི་ བསམ་གྲུབ་ལྗོངས་མཁར་གྱི་ ཁྲོམ་སྡེ་ཚོགས་འདུའི་ གྲོས་འཛོམས་ཐེངས་གསུམ་པའི་ནང་ བདེ་བ་ཐང་ཀེབ་སིའི་འཐུས་མི་ བཀྲིས་སྟོབས་རྒྱས་དེ་ ཁྲོམ་སྡེ་ཚོགས་འདུའི་ ཁྲི་འཛིན་འོག་མ་སྦེ་ བཙག་འཐུ་གྲུབ་ནུག།
སྤྱི་ཟླ་༨ པའི་ཚེས་༢༨ ལུ་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་ཚོགས་འདུའི་ ཁྲི་འཛིན་འོག་མ་སྦེ་ བཙག་འཐུ་གྲུབ་མི་ བཀྲིས་སྟོབས་རྒྱས་ལུ་ འཐུས་མི་གཞན་ཚུ་གིས་ ལེགས་གསོ་འབད་བའི་བསྒང་།


ཉིནམ་༢ ཀྱི་ཞལ་འཛོམས་ནང་ གནད་དོན་གཙོ་བོ་ར་ ཁྲོམ་སྡེ་འཐུས་མི་༥ གིས་ ཐིམ་ཕུ་ཁྲོམ་སྡེའི་ འཐུས་མི་ཚུ་གི་ ཚོགས་ཡོན་དང་ཕྱདཔ་ད་ ཉུངམ་མས་ཟེར་སླབ་སྟེ་ ད་ཚུན་གྱི་བར་ན་ ཚོགས་ཡོན་མ་ལེན་པར་ བཞག་མིའི་སྐོར་ལས་ གྲོས་བསྡུར་འབད་ཡོདཔ་ཨིན་པས།
ཐིམ་ཕུ་ཁྲོམ་སྡེའི་ འཐུས་མི་ཚུ་ལུ་ ཞལ་འཛོམས་ཚར་རེ་འཚོགསཔ་ད་ ཚོགས་ཡོན་དངུལ་ཀྲམ་༥,༠༠༠ རེ་ སྤྲོདཔ་ཨིན་རུང་ བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ ཕུན་ཚོགས་གླིང་གི་ འཐུས་མི་ཚུ་ལུ་ དངུལ་ཀྲམ་༣,༠༠༠ རྐྱངམ་གཅིག་ སྤྲོད་དགོ་མིའི་ གནད་དོན་ག་ཅི་ཨིན་ན་ཟེར་ འཐུས་མི་ཅིག་གིས་ དྲི་བཀོད་འབད་ནུག།
བདེ་བ་ཐང་ཀེབ་སིའི་འཐུས་མི་ བཀྲིས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཁོང་གིས་ ད་ཚུན་གྱི་བར་ན་ ཚོགས་ཡོན་མ་ལེན་མི་དེ་ཡང་ མ་དངུལ་ཉུང་དྲགས་མི་ལུ་མིན་པར་ ཐིམ་ཕུའི་འཐུས་མི་ཚུ་དང་ འདྲ་མཉམ་མེད་ནི་དེ་གིས་ཨིན་ཟེར་ཨིན་པས།
ཁྲོམ་སྡེ་འཐུས་མིའི་ གོ་གནས་ཅོག་འཐདཔ་ལུ་ ཚོགས་ཡོན་གྱི་ ཁྱད་པར་བཟོ་དགོ་པའི་ རྒྱུ་རྐྱེན་ག་ཅི་ཨིན་ན་ ང་བཅས་ཀྱིས་ ཧ་གོ་མ་ཚུགས་ཟེར་ འཐུས་མི་བཀྲིས་སྟོབས་རྒྱས་ཀྱིས་ ཚོགས་འདུའི་ནང་སླབ་ནུག།
ཁོ་གིས་འབད་བ་ཅིན་ ཁོ་ ཧེ་མ་ཡང་ འཐུས་མི་སྦེ་ ཕྱག་ཞུ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ ཁྲོམ་སྡེ་འཐུས་མིའི་ ལཱ་དང་འགན་ཁུར་ལེ་ཤ་གིས་ ཡར་འཕར་སོང་ཡོདཔ་ལས་ རྒྱལ་ཁབ་ཀྱི་ ས་གནས་ཁག་སོ་སོའི་ནང་ གོ་གནས་ཅོག་གཅིགཔ་ཐོག་ལུ་ ཕྱག་ཞུ་མི་ཚུ་ལུ་ འཐུས་འདྲ་མཉམ་མ་བྱིན་མི་དེ་ དྲང་བདེན་དང་ རྣམ་དག་ཅིག་མིན་པས་ཟེར་ཨིན་པས།
ཁྲོམ་སྡེ་ཚོགས་འདུ་ ཚར་རེ་འཚོགསཔ་ད་ ཁྲོམ་སྡེ་ཚོགས་སྡེའི་ འཐུས་མི་ཚུ་དང་ ཁྲོམ་སྡེ་ཁ་པ་དང་ ཡན་ལག་ཁྲོམ་སྡེ་ ཡང་ཅིན་ ཁྲོམ་ཆུང་བ་ཚུ་ལས་  བཙག་འཐུ་གྲུབ་མི་ཚུ་ལུ་ ཚོགས་ཡོན་གྱི་ ཐོབ་ལམ་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ བཙག་འཐུ་གྲུབ་མི་ ཆ་མཉམ་གྱི་ ཐོབ་ལམ་ཚུ་ འདྲན་འདྲ་མ་བཟོ་ཚུན་ཚོད་ ང་བཅས་ཀྱིས་ ཚོགས་ཡོན་མི་ལེན་ཟེར་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྟོད་ཀྱི་ འཐུས་མི་ཨྱོན་རྡོ་རྗེ་གིས་ སླབ་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ཁྲོམ་དཔོན་ ཀརྨ་ཤེས་རབ་སྟོབས་རྒྱས་ཀྱིས་ དོགས་སེལ་འབད་མིའི་ནང་ ཁོང་གིས་ ཕུན་ཚོགས་གླིང་ཁྲོམ་སྡེའི་ འགོ་དཔོན་ཚུ་དང་གཅིག་ཁར་ གྲོས་བསྡུར་འབད་བའི་ཤུལ་ལུ་ གཞུང་ལུ་ ཞུ་བ་ཕུལ་ཡོདཔ་ལས་ ད་ལྟོ་ ངོས་ལེན་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།
ཁྲོམ་སྡེའི་བཀོད་ཁྱབ་དྲུང་ཆེན་ ཐུགས་རྗེ་ཚེ་རིང་གིས་འབད་བ་ཅིན་ ན་ཧིང་ ཁྲོམ་སྡེའི་འཐུས་མི་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ བསམ་གྲུབ་ལྗོངས་མཁར་དང་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་ཁྲོམ་སྡེ་༣ གྱིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ལས་ ཡིག་ཚང་བཀའ་རྒྱ་ཅིག་ འབྱོར་མིའི་ནང་ ཁྲོམ་སྡེ་གསུམ་གྱི་ འཐུས་མི་ཚུ་ ཚོགས་ཡོན་དངུལ་ཀྲམ་༣,༠༠༠ རེ་ འཐོབ་ནི་དང་ ཐིམ་ཕུ་ཁྲོམ་སྡེའི་ འཐུས་མི་ཚུ་ལུ་ དངུལ་ཀྲམ་༥,༠༠༠ རེ་ཨིནམ་སྦེ་ གསལ་བཀོད་འབད་ནུག་ཟེར་ཨིན་པས།
ཚོགས་ཡོན་དེ་ གནད་དོན་ག་ཅི་ལུ་ གཞིར་བཞག་སྟེ་ བཟོ་ཡོདཔ་ཨིན་ན་ ང་བཅས་ཀྱིས་ ཧ་མ་གོཝ་ལས་ བཀའ་རྒྱའི་ཡི་གུ་རྐྱངམ་གཅིག་ ཐོབ་ཅི་ཟེར་ ཐུགས་རྗེ་ཚེ་རིང་གིས་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment