གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཅན་གཟན་སྟག་འཛིན་བཟུང་ལུ་ མཐར་འཁྱོལ་བྱུང་མ་ཚུགསཔ།

༢༥/༨/༢༠༡༢   ༉ ཀྲོང་གསར་རྫོང་ཁག་འོག་གི་ ནུབ་སྦིས་རྒེད་འོག་ རྡོ་གཞོང་དགོན་པའི་གཡུས་ཚན་ནང་ འཕྲལ་ཁམས་ཅིག་ལས་ སེམས་ཅན་གཅན་གཟན་སྟག་གིས་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་མི་དེ་ ངོས་འཛིན་འབད་ཐབས་ལུ་ ཐིམ་ཕུ་ལས་རི་དྭགས་སེམས་ཅན་སྲུང་སྐྱོབ་ལས་ཁུངས་ཀྱི་ འགོ་དཔོན་སྡེ་ཚན་ཅིག་ འོང་ཡོད་རུང་ ད་ལྟོ་ཡང་ གྲུབ་འབྲས་མཐར་འཁྱོལ་བྱུང་མ་ཚུགས་པར་ཡོདཔ་ཨིན་པས།


སེམས་ཅན་དེ་གིས་ འདས་པའི་ཟླཝ་༡  ནང་ལུ་ སྒོ་ནོར་སེམས་ཅན་བསྡོམས་ཀྱིས་༡༦ ལུ་གནོདཔ་བཀལ་མི་ལས་ནོར་༨ བསད་ཡོདཔ་ཨིན་པས།
ད་ལྟོ་ རྡོ་གཞོང་དགོན་པའི་གཡུས་ཚན་ནང་ཡོད་མི་ སྡེ་ཚན་འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ གནོདཔ་བཀལ་མི་ལུ་བལྟཝ་ད་ སེམས་ཅན་དེ་ ལོ་ན་རྒས་སུ་འབད་མི་ཅིག་ འོང་ནི་མས་ཟེར་བཤད་མི་དེ་ཡང་ གཅན་གཟན་སྟག་ཚུ་ ལོ་ན་རྒས་པའི་བསྒང་ལས་ རི་ཁའི་ རི་དྭགས་སེམས་ཅན་བསད་ཚུགས་ནི་ལུ་ ལཱ་ཁག་ཡོདཔ་ལས་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་མི་ གཡུས་ཁའི་སེམས་ཅན་ལུ་ གནོདཔ་བཀལཝ་ཨིན་ཟེར་ཨིན་པས།
ཁོ་གིས་ སེམས་ཅན་དེ་ གཞོནམ་ཨིན་པ་ཅིན་ ཚར་ཅིག་གནོདཔ་བཀལ་བའི་ཤུལ་ལུ་ ས་གནས་དེ་ནང་ ལོག་སྟེ་གནམ་མེད་ས་མེད་ར་ འོང་ནི་མེད་ཟེར་ཨིན་རུང་ ད་ལྟོའི་སྟག་གིས་ གཡུས་ཚན་དེ་གི་ ས་གནས་སོ་སོར་ཚུ་ནང་ གནོདཔ་བཀལ་དོ་ཡོདཔ་ཨིན་པས།
སེམས་ཅན་དེ་ བཟུང་ནི་གི་དོན་ལུ་ སྡེ་ཚན་གྱིས་ སྤྱི་ཚེས་༡༨ ལུ་ རྡོ་གཞོང་དགོན་པ་ལུ་ གནོདཔ་བཀལ་ཡོད་མི་ ནོར་གྱི་སྦོ་ལོགས་ཁར་  ཧིང་གསུམ་བཀལ་ཡོད་རུང་ ད་ཚུན་ བཟུང་མ་ཚུགས་པར་ཡོད་རུང་ ཁོང་ཆ་ཁྱབ་ ད་ལྟོ་ཡང་ ནོར་གྱི་སྦོ་ལོགས་ཁར་ཡོད་མི་ སྦ་སྒོར་ནང་ སྲུང་སྟེ་སྡོད་དོ་ཡོདཔ་ཨིན་པས།
སྡེ་ཚན་གྱིས་ སྟག་འདི་བཟུང་ཚུགས་པ་ཅིན་ ཤི་སྨན་བཙུགས་ཐོག་ལས་ ཐིམ་ཕུ་ལུ་འབག་སྟེ་ ནགས་ཚལ་ནང་བཏང་འོང་ཟེར་ཨིན་རུང་ སྟག་དེ་གིས་ ཁ་ཙ་ཡང་ རྒེད་འོག་དེ་གི་ ཝུ་གླིང་གཡུས་ཚན་ནང་ གླང་ཅིག་བསད་ནུག་ཟེར་ཨིན་པས།
རྡོ་གཞོང་དགོན་པའི་གཡུས་ཚན་གྱི་ཁྱིམ་ཚུ་ག་ར་ ཁ་གཏོར་ཏེ་ཡོད་པའི་ཁར་ ནགས་ཚལ་ཉེ་འདབས་ལུ་ཡོད་ནི་དེ་གིས་ གཅན་གཟན་་སེམས་ཅན་གྱིས་ གནོདཔ་བཀལ་ནི་ཡང་མང་སུ་ ཐོན་དོ་ཡོདཔ་ཨིན་པས།
རི་དྭགས་སེམས་ཅན་སྲུང་སྐྱོབས་སྡེ་ཚན་གྱི་གཙོ་འཛིན་ བསོད་ནམས་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྡེ་ཚན་དེ་གིས་ སྟག་གི་ལོ་ཚད་དང་ བྱ་སྤྱོད་ཚུ་ ཤེས་རྟོགས་འབྱུང་ནི་གི་དོན་ལུ་ཨིན་མི་དེ་ཡང་ སྟག་ཚུ་ལོ་ན་རྒསཔ་ད་ སྒོ་ནོར་སེམས་ཅན་ལུ་ ཁ་སྡང་སུ་འབདཝ་ཨིན་ཟེར་ཨིན་པས།
སྡེ་ཚན་དེ་གིས་ གནོདཔ་བཀལ་མི་སྟག་དེ་ ཧེ་མ་ལས་ས་གནས་ནང་ ཡོད་མེད་བལྟ་ནི་གི་དོན་ལུ་ ས་གནས་ནང་གི་ ནགས་ཚལ་འགོ་དཔོན་ཚུ་གིས་ པར་ཆས་བཙུགས་ཡོད་མི་ཚུ་ནང་ ལོག་བལྟ་དོ་ཟེར་ཨིན་རུང་ ཁོང་གིས་ ད་ལྟོའི་སྟག་གི་ རྐང་རྗེས་མ་གཏོགས་ གཞན་ག་ནི་ཡང་ མ་མཐོངམ་ཨིན་པས།
སྡེ་ཚན་ནང་གི་ འགོ་དཔོན་གཞན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གིས་ སྟག་བཟུང་ནི་གི་དོན་ལུ་ ཧིང་བཀལ་ནི་ལས་བརྒལ་བའི་གཞན་འབད་ཐབས་ག་ནི་ཡང་ མིན་འདུག་ཟེར་ཨིན་མི་དེ་ཡང་ གཅན་གཟན་གྱི་རྟིང་བདའ་འགྱོ་ནི་ལུ་ ཉེན་ཁ་ཡོད་ནི་དེ་གིས་ཨིན་པས།
ས་གནས་ཀྱི་ཚོགས་པ་ དབང་ཕྱུག་གིས་ ད་ལྟོའི་གནས་སྟངས་ནང་ སྟག་དེ་གིས་ གནོདཔ་བཀལ་ནི་མང་སུ་ཐོན་དོ་ཡོདཔ་ལས་ གཡུས་ཁའི་མི་ཚུ་ལུ་ཡང་ གནོད་ཉེན་འདུག་ཟེར་ཨིན་པས།
འདི་བཟུམ་གྱི་ཉེན་ཁ་ཡོད་་མི་ལུ་བརྟེན་ ནོར་ཚུ་ཡང་ ཧེ་མ་བཟུམ་སྦེ་མེན་པར་ ཕྱི་རུ་ག་ར་ རང་སོའི་ ནོར་གྱི་བྱང་ས་ལུ་ ཐགཔ་བཏགས་བཞག་ནི་གི་ གྲོས་བསྟུན་འབད་ཡོདཔ་ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།


No comments:

Post a Comment