གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉིནམ་གསུམ་གྱི་རིང་ལུ་གནང་མི་ ཞི་བའི་སྦྱིན་སྲེག་ ཁ་ཙ་གྲོལ་ཡོདཔ།

༢༥/༨/༢༠༡༢   ༉ ཐིམ་ཕུ་ཁྲིམས་སྲུང་འགག་སྡེ་ལྟེ་བའི་ ཕུཊ་བཱོལ་རྩེད་ཐང་ནང་སྦེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་ ཉིན་གྲངས་༣ གྱི་རིང་ལུ་ ཞི་བའི་སྦྱིན་སྲེག་གནང་མི་དེ་ ཁ་ཙ་ མགོན་པོ་ཚེ་དཔག་མེད་ཀྱི་ཚོགས་འཁོར་དང་  གཡང་བསྐུར་གནང་ཐོག་ལས་ གྲོལ་གནང་ཡི།
སྐྱབས་རྗེ་མཆོག་གིས་ གཡང་བསྐུར་གནང་པའི་བསྒང་།
སྐྱབས་རྗེ་མཆོག་གིས་ ཆོས་བསྐུར་གཡང་བསྐུར་གནང་སར་ དད་ཅན་བརྒྱ་ཕྲག་ལས་བཅད་དེ་ འཛོམས་མི་ཚུ།


དྲོ་པའི་ཆུ་ཚོད་༨ ལས་འགོ་བཙུགས་ཉིན་མའི་ཆུ་ཚོད་༡༢ ཚུན་ མགོན་པོ་ཚེ་དཔག་མེད་ཀྱི་ཚོགས་འཁོར་སྐོར་གནང་ཡོདཔ་མ་ཚད་ ཕྱི་རུའི་ཆུ་ཚོད་༢ ལས་ རྣམ་སྲས་ཚེ་རིང་མོའི་ཆོས་བསྐུར་དང་ གཡང་བསྐུར་གྱི་ གསུང་ཆོག་གནང་སར་ དད་ཅན་གྱི་མི་སེར་ སྟོང་ཕྲག་ལས་བཅད་མི་ཚུ་གིས་མ་ཚད་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་གཙོས་པའི་ བློན་པོ་ལྷན་རྒྱས་དང་ ཆེ་མཐོའི་དབུ་ཁྲིདཔ་ཚུ་གིས་ དབང་དང་བྱིན་རླབས་ཞུ་བར་འཛོམས་ཡོདཔ་བཞིན་དུ་ ལྟ་བཤལ་བརྒྱ་ལས་བཅད་མི་ཚུ་གིས་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེའི་ དབང་དང་བྱིན་རླབས་ དེ་ལས་ ཆོ་གའི་རིམ་པ་ཚུ་མཇལ་བར་འོང་ཡོདཔ་ཨིན།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ སྐུ་ཚེ་ཞབས་པད་བརྟན་ནི་དང་ ནང་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིདཔ་སྦེ་བཞུགས་ཏེ་ ཆོས་ཀྱི་བསྟན་པ་དར་རྒྱས་སུ་ ཁྱབ་སྤེལ་གྱི་དོན་ལུ་ སྐུ་གསུང་ཐུགས་ཀྱི་མཎྜལ་ཕུལ་ཡི།
དུས་ཅི་ ཉིནམ་མཇུག་གི་ནང་ མགོན་པོ་ཚེ་དཔག་མེད་ཀྱི་ཚོགས་འཁོར་དང་ རྣམ་སྲས་ཚེ་རིང་མའི་ཆོས་བསྐུར་གཡང་བསྐུར་གནང་དགོ་མིའི་དམིགས་ཡུལ་དེ་ཡང་ གཞུང་གྲྭ་ཚང་གི་ གསུང་རབ་ཉམས་གསོའི་འགོ་དཔོན་དཔལ་ལ་གིས་ སླབ་མི་དང་འཁྲིལཝ་ད་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཐུགས་ཀྱི་དགོངས་གཏེར་བཞིན་ འབྲུག་རྒྱལ་ཁབ་ནང་ འབྱུང་བ་བཞིའི་རྐྱེན་ངན་ དཔེ་འབད་བ་ཅིན་ ས་ ཆུ་ མེ་ རླུང་གི་འཇིགས་པ་ཚུ་ མང་སུ་མང་སུ་བྱུང་དོ་ཡོདཔ་ལས་ དེའི་བཟློག་ཐབས་ཀྱི་རིམ་གྲོ་བཟུམ་ཅིག་སྦེ་ གནངམ་ཨིན་ཟེར་ཨིན་པས།
དེ་ལས་ གསོན་གཤིན་གཉིས་ཀྱི་དོན་ལུ་ ཕྱི་ནང་གསང་༣ གྱི་ འགལ་རྐྱེན་བར་ཆད་ཚུ་ཞི་སྟེ་ མཐུན་རྐྱེན་བསམ་དོན་ཡིད་བཞིན་དུ་ འགྲུབ་ཚུགས་ནི་དང་ གཤིན་པོའི་ཚེ་རབས་ལས་ ཚེ་རབས་ཀྱི་བར་དུ་བསགས་པའི་སྡིག་སྒྲིབ་ཚུ་དག་སྟེ་ བར་དོའི་སྡུག་བསྔལ་དང་ ངན་སོང་གི་ སྡུག་བསྔལ་ལས་གྲོལ་ཏེ་ མཐོ་རིས་དང་ ཐར་པའི་བདེ་བ་འཐོབ་པའི་རྒྱུ་ངོ་མ་ཅིག་ཨིན་ཟེར་ སླབ་ཨིན་པས།
སྦྱིན་སྲེག་ཚོགས་པའི་དྲུང་ཆེན་ པདྨ་རྒྱལ་མཚན་གྱིས་ སླབ་མི་དང་འཁྲིལཝ་ད་ དུས་ཅི་ སྤྱན་རས་གཟིགས་ཀྱི་ཞི་བའི་སྦྱིན་སྲེག་གནང་དགོ་པའི་ དམིགས་དོན་གཙོ་བོ་ར་ གཤིན་པོའི་ཕུང་པོ་ཚུ་ དུར་ཁྲོད་ཁར་མེ་སྦྱངས་འབདཝ་ད་མི་སེར་ཚུ་གིས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ལུ་གསོལཝ་བཏབ་ནིའི་རེ་འདོད་ཡོད་རུང་ རྒྱལ་ཁབ་ཀྱི་སྐུ་རིམ་དང་ ཆོས་ཀྱི་མཛད་སྒོའི་རིམ་པ་ལེ་ཤ་འཚོགས་དགོ་ནི་དེ་གིས་ བྱོན་མ་ཚུགས་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ལྷག་པར་དུ་ ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ མགོན་པོ་ཚེ་དཔག་མེད་ཀྱི་ཚོགས་འཁོར་དང་ རྣམ་སྲས་ཚེ་རིང་མའི་ཆོས་བསྐུར་དང་ གཡང་བསྐུར་གནང་མི་དེ་ རྒྱལ་ཁབ་ནང་ ལོ་ཕྱུགས་རྟག་ཏུ་ལེགས་ནི་དང་ ཆར་ཆུ་དུས་སུ་འབབ་ནི་ དཔལ་འབྱོར་གོང་འཕེལ་དང་ དབུལ་ཕོངས་ཀྱི་དཀའ་ངལ་སེལ་ནིའི་དོན་ལུ་ དད་ཅན་མི་སེར་ཚུ་གིས་ རང་སོའི་ཁྱིམ་ནང་སྒྲུབ་ཡོད་པའི་ གཡང་འབུམ་འབག་འོང་མི་ཚུ་གི་དོན་ལུ་ ཚེ་དང་གཡང་ཉམས་མི་ཚུ་ འཕེལ་ཐབས་ལུ་ གནང་ཡོདཔ་ཨིན་པས།
སྐྱེས་ལོ་༣༠ ལང་མི་ བདེ་སྐྱིད་ཀྱིས་ སླབ་མི་དང་འཁྲིལཝ་ད་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཁྱད་འཕགས་ཅན་གྱི་ སྤྱན་རས་གཟིགས་ཀྱི་ ཞི་བའི་སྦྱིན་སྲེག་དང་ མགོན་པོ་ཚེ་དཔག་མེད་ཀྱི་ཚོགས་འཁོར་ དེ་ལས་ རྣམ་སྲས་ཚེ་རིང་མའི་ཆོས་བསྐུར་དང་གཡང་བསྐུར་གནང་སར་ དབང་དང་བྱིན་རླབས་ཞུ་བར་འོང་ཡོདཔ་མ་ཚད་ ད་རིས་ སྐུ་ཐང་དང་ གཡང་འབུམ་ལུ་ བྱིན་རླབས་ཐོབ་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
རྩི་རང་རྫོང་ཁག་ལས་ སྐྱེས་ལོ་༧༦ ལང་མི་བཀྲིས་གྲུབ་པ་དང་ ཆུ་ཁ་རྫོང་ཁག་ སྐྱབས་ཆ་ལས་ སྐྱེས་ལོ་༧༥ འབད་མི་ སངས་བཅུ་གཉིས་ཀྱིས་ སླབ་མིའི་ནང་ ལུས་ངག་ཡིད་༣ གྱི་སྒོ་ལས་ དང་མོས་བསྐྱེད་དེ་ སྡིག་སྒྲིབ་དག་ནི་དང་ ཚེ་ཕྱི་མ་ ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་འཐོབ་ཚུགས་ནིའི་དོན་ལུ་ སྐྱབས་རྗེ་རིན་པོ་ཆེ་ལས་ དབང་དང་ བྱིན་རླབས་ཞུ་ནི་དང་ སྨོན་ལམ་བཏབ་པར་འོང་ཡི་ཟེར་ཨིན་པས།
ཞི་བའི་སྦྱིན་སྲེག་ཚོགས་པ་དང་ གཞུང་གྲྭ་ཚང་མཉམ་རུབ་ཀྱི་ཐོག་ལས་ ཆོས་ཕྱོགས་ལས་རིམ་དེ་ འགོ་འདྲེན་འཐབ་ཡོདཔ་ད་ ན་ཧིང་བཟུམ་ཅི་འབད་བ་ཅིན་ ཉིན་གྲངས་༣ གྱི་རིང་ལུ་ འགོ་འདྲེན་འཐབ་པའི་ ཟད་འགྲོ་དངུལ་ཀྲམ་འབུམ་༦ ལྷགཔ་ཅིག་སོང་ཡི་ཟེར་ཨིན་པས།
སྤྱིར་བཏང་སྦྱིན་སྲེག་ཟེར་མི་འདི་ ལྷའི་བསྐྱེད་རིམ་བསྒོམ་ནི་དང་ སྔགས་བགྱང་ནི་ དེ་ལས་ རྫས་མེ་ལུ་སྲེག་པའི་ཆོ་ག་ཅིག་ལུ་ གོཝ་ཨིནམ་ད་ དེ་ལུ་ ཞི་བའི་སྦྱིན་སྲེག་དང་ རྒྱས་པའི་སྦྱིན་སྲེག་ དབང་གི་སྦྱིན་སྲེག་ དེ་ལས་ དྲག་པོའི་སྦྱིན་སྲེག་ཟེར་ དབྱེ་བ་ཁག་༤ ཡོདཔ་ཨིན་པས།

ད་རུང་ སྤུ་ན་ཁ་རྫོང་ཁག་ནང་ལུ་སྦེ་ སྤྱན་རས་གཟིགས་ཀྱི་ཞི་བའི་སྦྱིན་སྲེག་དང་ ཚེ་དཔག་མེད་ཀྱི་ཚོགས་འཁོར་ དེ་ལས་ རྣམ་སྲས་ཚེ་རིང་མའི་ཆོས་བསྐུར་དང་གཡང་བསྐུར་ཚུ་ ཞི་བའི་སྦྱིན་སྲེག་ཚོགས་པ་གིས་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།

No comments:

Post a Comment