གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཞི་བའི་སྦྱིན་སྲེག་གནང་ནི་ འགོ་བཙུགས་ཡོདཔ།

༢༣/༨/༢༠༡༢   ༉ ཐིམ་ཕུ་ཁྲིམས་སྲུང་འགག་པའི་ ཕུཊ་བཱོལ་རྩེད་ཐང་ནང་སྦེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་ ཉིན་གྲངས་༣ གྱི་རིང་ལུ་ ཞི་བའི་སྦྱིན་སྲེག་གནང་ནི་ཨིན་མི་དེ་ ཁ་ཙ་ སྤྱན་རས་གཟིགས་ཀྱི་ ཆོ་ག་གནང་ཐོག་ལས་ འགོ་བཙུགས་ཡོདཔ་ཨིན་པས།
སྐྱབས་རྗེ་མཆོག་གིས་ ཞི་བའི་སྦྱིན་སྲེག་ གནང་པའི་བསྒང་།
ཞི་བའི་སྦྱིན་སྲེག་ནང་ ལོ་དང་ མིང་ དེ་ལས་ སྙན་དར་ཕུལ་བར་འོང་མི་ དད་ཅན་ཚུ།


དེ་ཡང་ དྲོ་པའི་ཆུ་ཚོད་༨ ལས་འགོ་བཙུགས་ཏེ་ ཉིན་མའི་ཆུ་ཚོད་༡༢ ཚུན་ སྤྱན་རས་གཟིགས་ཀྱི་ ཆོ་ག་གནང་ཡོདཔ་ད་ ཉིན་མའི་གསོལཝ་གྲོལ་ཞིནམ་ལས་ གསོན་གཤིན་གཉིས་ཀྱི་དོན་ལུ་ སྤྱན་རས་གཟིགས་ཀྱི་ སྦྱིན་སྲེག་གནང་ཡི།
སྦྱིན་སྲེག་ཚོགས་པའི་དྲུང་ཆེན་ པདྨ་རྒྱལ་མཚན་གྱིས་ སླབ་མི་དང་འཁྲིལཝ་ད་ དུས་ཅི་ སྤྱན་རས་གཟིགས་ཀྱི་ ཞི་བའི་སྦྱིན་སྲེག་གནང་དགོ་པའི་ དམིགས་དོན་གཙོ་བོ་ར་ གཤིན་པོའི་ཕུངམ་ཚུ་ དུར་ཁྲོད་ཁར་ མེ་སྦྱང་འབདཝ་ད་ མི་སེར་ཚུ་གིས་ སྐྱབས་རྗེ་མཆོག་ལུ་ རེ་འདོད་བསྐྱེདཔ་ཨིན་རུང་ སྐྱབས་རྗེ་མཆོག་ རྒྱལ་ཁབ་ཀྱི་སྐུ་རིམ་དང་ རྒྱལ་ཁབ་ཀྱི་གནས་སྟངས་དང་འཁྲིལ་ ཆོས་ཕྱོགས་ཀྱི་མཛད་སྒོ་ ལེ་ཤ་གནང་དགོཔ་ལས་ དེ་གི་ཕན་ཐབས་ལུ་ ཨིན་ཟེར་ཨིན་པས།
སྦྱིན་སྲེག་གི་སྐབས་ལུ་ སྡིག་སྒྲིབ་སྦྱང་ནི་དང་ དབང་བསྐུར་འབད་ནི་ དེ་ལས་བསྔོ་བ་སྨོན་ལམ་ཚུ་ གནང་དོ་ཡོདཔ་ཨིན་པས།
སྤྱིར་བཏང་སྦྱིན་སྲེག་ཟེར་མི་དེ་ ལྷའི་བསྐྱེད་རིམ་བསྒོམ་ནི་དང་ སྔགས་བགྱང་ནི་ དེ་ལས་ རྫས་མེ་ལུ་སྲེག་པའི་ཆོ་ག་ཅིག་ལུ་ གོ་དོ་ཡོདཔ་ད་ དེ་ལུ་ ཞི་བའི་སྦྱིན་སྲེག་དང་ རྒྱས་པའི་སྦྱིན་སྲེག་ དབང་གི་སྦྱིན་སྲེག་ དེ་ལས་ དྲག་པོའི་སྦྱིན་སྲེག་ཟེར་ དབྱེ་བ་ཁག་༤ ཡོདཔ་ཨིན་པས།
ཞི་བའི་སྦྱིན་སྲེག་གནང་དགོ་མི་དེ་ཡང་ གསོན་པོའི་དོན་ལུ་ཨིན་པ་ཅིན་ ནད་ཡམས་དང་ གདོན་བགེགས་ དེ་ལས་ མུ་གེ་ཚུ་ཞི་ནི་ཨིནམ་མ་ཚད་ ཕྱི་ནང་གསང་༣ གྱི་ འགལ་རྐྱེན་བར་ཆད་ཚུ་ག་ར་ཞི་སྟེ་ མཐུན་རྐྱེན་བསམ་དོན་ཡིད་བཞིན་དུ་ འགྲུབ་ཚུགས་ནི་ཨིན་པས།
གཤིན་པོའི་དོན་ལུ་འབད་བ་ཅིན་ གཤིན་པོའི་ཚེ་རབས་ལས་ ཚེ་རབས་ཀྱི་བར་དུ་ བསགས་པའི་སྡིག་སྒྲིབ་ཚུ་དག་སྟེ་ བར་དོའི་སྡུག་བསྔལ་དང་ ངན་སོང་གི་སྡུག་བསྔལ་ལས་འགྲོལ་ཏེ་ མཐོ་རིས་དང་ ཐར་པའི་བདེ་བ་ འཐོབ་པའི་རྒྱུ་ངོ་མ་ཅིག་ཨིནམ་ལས་ ཞི་བའི་སྦྱིན་སྲེག་དེ་ གསོན་པོའི་རིམ་གྲོ་དང་ གཤིན་པོའི་དགེ་རྩ་ རྩ་ཆེ་ཤོས་ཅིག་ཨིན་པས།
འབྲུག་རྒྱལ་ཁབ་ནང་ ཧེ་མ་ལས་ སྦྱིན་སྲེག་གནང་སྲོལ་ཡོད་པའི་ཁར་ སྤྱི་ལོ་༢༠༠༩ ལས་ འབྲུག་རྒྱལ་ཡོངས་ཆོས་ཀྱི་ དབུ་ཁྲིད་དམ་པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་དབུ་གཙོས་པའི་ དགེ་འདུན་འདུས་པ་རྒྱ་མཚོ་གིས་ རྒྱས་པ་སྦེ་གནང་ནིའི་ སྲོལ་བཙུགས་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༡ ལས་འགོ་བཙུགས་ཏེ་ སྦྱིན་སྲེག་གནང་ནིའི་སྲོལ་ མི་ཉམས་གོང་འཕེལ་གཏང་ནིའི་དོན་ལུ་ སྦྱིན་སྲེག་ཚོགས་པ་གཞི་བཙུགས་འབད་ཡོདཔ་ད་ ཚོགས་པ་དེ་གིས་ འགོ་འདྲེན་ཐོག་ལས་ ས་གོ་ངོས་འཛིན་དང་ མ་དངུལ་གྱི་ རྒྱབ་སྐྱོར་འཚོལ་ནི་ མི་མང་ལུ་ བརྡ་སྤེལ་འབད་དོ་ཡོདཔ་ཨིན་པས།
ལོ་བསྟར་བཞིན་དུ་ རྒྱལ་ཁབ་ནང་ སྦྱིན་སྲེག་ཚར་༢ གནང་དོ་ཡོདཔ་ད་ སྤྱི་ལོ་༢༠༡༡ ལུ་ ཐིམ་ཕུ་དང་ དབང་འདུས་ཕོ་བྲང་རྫོང་ཁག་ནང་ གནང་ཡོདཔ་བཞིན་དུ་ དུས་ཅི་ཡང་ ཐིམ་ཕུ་ལས་ འགོ་བཙུགས་ཏེ་ ཟླཝ་༢ དང་༣ གྱི་རྒྱབ་ལས་ སྤུ་ན་ཁ་རྫོང་ཁག་ནང་ གནང་ནི་ཨིན་པས།
ད་རིས་ ཉིན་མའི་གསོལཝ་འགྲོལ་ཞིནམ་ལས་ གསོན་སྦྱང་དབང་བསྐུར་གནང་ནི་ཨིནམ་ལས་ དད་ཅན་ཚུ་གིས་ རྫས་ཚུ་ཡང་ ཡམ་ཤིང་དང་ མར་ཁུ་ འབྲས་སོ་བ་ གྲོ་ ཞོ་ཟན་ རྩྭ་དཱུར་བ་ རྩྭ་ཀུ་ཤ་ བིལ་བ་སྟར་ཁ་ སྨན་སྣ་ མེ་ཏོག་དཀར་པོ་ སོ་རྩི་ གོས་བཟུང་ཚུ་དང་ སྙན་དར་ཚུ་འབག་འོང་རུང་ བཏུབ་ནི་དང་ ནངས་པར་ ཚེ་དཔག་མེད་ཀྱི་ གསུང་ཆོག་དང་ རྣམ་སྲས་ཚེ་རིངམོ་གི་ གསུང་ཆོག་ཚུ་ གནང་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment