གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩི་རང་ལུ་ བདེ་གཤེགས་མཆོད་རྟེན་རྣམ་བརྒྱད་ བཞེངས་པའི་བསྒང་ཡོདཔ།

༢༢/༨/༢༠༡༢   ༉ ད་རེས་ནངས་པ་ རྩི་རང་འགྲམ་ཕུག་གི་ སྨོན་ལམ་ཐང་ནང་སྦེ་ བདེ་བར་གཤེགས་པའི་ མཆོད་རྟེན་རྣམ་བརྒྱད་ཚུ་ བཞེངས་པའི་བསྒང་ཡོདཔ་ཨིན་པས།
དེ་ཡང་ ཁ་ཙ་ རྩི་རང་རབ་སྡེ་གྲྭ་ཚང་གི་ བླམ་གནས་བརྟན་ དབང་འདུས་དང་ དགེ་སློང་ཚུ་གིས་ མཆོད་རྟེན་གྱི་ ནང་གཟུངས་ཚུ་ ཕུལ་གནང་ཡི།

རྩི་རང་རབ་སྡེའི་ བླམ་གནས་བརྟན་གྱིས་ མཆོད་རྟེན་གྱི་ ནང་གཟུངས་ཕུལ་བའི་བསྒང་།


མཆོད་རྟེན་ཚུ་ཡང་ རྒྱ་ཚད་ཕིཊ་༩ གྲུ་བཞི་དང་ རིང་ཚད་ཕིཊ་༡༧ རེ་ཡོདཔ་ད་ དེ་ཚུ་ རྩི་རང་རྫོང་ཁག་བདག་སྐྱོང་གི་ ལས་བྱེདཔ་ཚུ་དང་ རབ་སྡེ་གྲྭ་ཚང་ ཚོང་པ་ དེ་ལས་ མི་མང་ལས་ ཞལ་འདེབས་མ་དངུལ་ བསྡུ་ལེན་འབད་དེ བཞེངས་དོ་ཡོདཔ་ཨིན་པས།
རྩི་རང་གནས་ཁང་གི་བླམ་ པ་སངས་ཀྱིས་ བཤད་མིའི་ནང་ བདག་ཅག་གི་སྟོན་པ་ བཅོམ་ལྡན་འདས་ཀྱི་ མཛད་རྣམ་ཚུ་ རྗེས་སུ་དྲན་ཏེ་བཞེངས་པའི་ བྱང་ཆུབ་མཆོད་རྟེན་ལས་ འགོ་བཙུགས་ཏེ་ མྱང་འདས་མཆོད་རྟེན་ཚུན་ སངས་རྒྱས་ཀྱི་ཐུགས་རྟེན་ མཆོད་རྟེན་རྣམ་བརྒྱད་ཚུ་ རབ་སྡེ་གྲྭ་ཚང་དང་ རྫོང་ཁག་ རྒེད་འོག་༡༢ ཀྱི་མི་སེར་དང་ཚོང་པ་ དེ་ལས་ ས་གནས་ཁག་གི་ དད་ཅན་ཚུ་གིས་ མ་དངུལ་གྱི་ རྒྱབ་སྐྱོར་གནང་མིའི་ཐོག་ལས་ བཞེངསམ་ཨིན་ཟེར་ཨིན་པས།
རྩི་རང་ཚོད་བསྲེ་ཁྲོམ་གྱི་ ལྟག་ལུ་ སྨོན་ལམ་ཐང་ཟེར་སར་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ས་བསླང་རྟེན་འབྲེལ་དང་བཅས་ ཐུགས་སྨོན་གནང་ཐོག་ལས་བཞེངས་མི་ མི་སྟོང་ཕྲག་༣ ལྷགཔ་ཅིག་ཤོང་མི་ སྨོན་ལམ་ཁང་གི་གཡས་གཡོན་ལུ་ འདས་པའི་ཟླ་ངོ་ཕྱེད་དང་༣ དེ་ཅིག་གི་ཧེ་མ་ལས་ རབ་སྡེ་གྲྭ་ཚང་དང་ རྫོང་ཁག་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ འགོ་བཙུགས་ཡོདཔ་ཨིན་པས།
སྨོན་ལམ་ཐང་དེ་ སྤྱི་ལོ་༢༠༠༨ ལུ་ བཟོ་ཡོདཔ་ད་ དེ་ལས་ཚུར་ ལོ་ཨ་རྟག་ར་ རང་ཟླ་༩ པའི་ནང་འཚོགས་མི་ རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ འཚོགས་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྨོན་ལམ་ཐང་གི་ཕྱོགས་༤ ལུ་ ས་གནས་ཀྱི་ མཚམས་པ་ཅིག་གིས་ འགོ་འདྲེན་ཐོག་ སྦྱིན་བདག་ཚུ་གི་ མ་དངུལ་གྲོགས་རམ་ལུ་བརྟེན་ མ་ཎི་དུང་འཁོར་༤ ཡང་ བཞེངས་དོ་ཡོདཔ་ཨིན་པས།
བླམ་པ་སངས་ཀྱིས་ བཤད་མིའི་ནང་ བདེ་བར་གཤེགས་པའི་ མཆོད་རྟེན་རྣམ་བརྒྱད་ཚུ་ སྤྱིར་རྒྱལ་ཁབ་ནང་ ནད་ཡམས་མུ་གེ་དམག་འཁྲུག་ཚུ་ཞི་སྟེ་ རྒྱལ་ཁབ་དང་ འབངས་མི་སེར་ཚུ་ལུ་ ཞི་བདེ་འབྱུང་ནི་དང་ ལྷག་པར་དུ་ རྩི་རང་ལུ་ དད་ཅན་ཚུ་གིས་ ཕྱག་འཚལ་བསྐོར་ར་རྐྱབ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
བདེ་བར་གཤེགས་པའི་ མཆོད་རྟེན་རྣམབརྒྱད་ཚུ་  ཟླཝ་༢ དེ་ཅིག་གི་ ནང་འཁོད་ལུ་ བསྒྲུབ་ཚུགས་པའི་རེ་བ་ཡོད་ཟེར་ རྫོང་ཁག་བདག་སྐྱོང་གི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment