གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམ་ཐང་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དོན་ལུ་ དང་འདོད་གསལ་སྟོན།

༢༡/༨/༢༠༡༢   ༉ སྤ་རོ་ ཤེས་རིག་མཐོ་རིམ་སློབ་གྲྭའི་སློབ་སྟོན་པ་ཅིག་ཨིན་མི་ སྐྱེས་ལོ་༣༤ འབད་མི་ ཉི་མ་གིས་ སློབ་གྲྭའི་ལོ་བསྟར་གྱི་ བར་མཚམས་ཆོས་རྒྱུགས་མཇུག་བསྡུ་ཞིནམ་ལས་ དགོངས་ཞུས་འབད་ནི་དེ་ སློབ་ཕྲུག་ཚུ་གི་སློབ་སྟོན་དང་འབྲེལ་བའི་ བྱ་སྟབས་མ་བདེཝ་མེདཔ་སྦེ་ དགོངས་ཞུ་འབད་ནི་གི་ དུས་ཚོད་ལེགས་ཤོམ་ཅིག་ཨིན་པའི་ཆ་གནས་ཐོག་ འཕྲལ་ཁམས་ལུ་ དགོངས་ཞུ་འབད་ཡོདཔ་ད་ ཁོ་གིས་ བུམ་ཐང་ལས་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོའི་དོན་ལུ་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་གི་ དང་འདོད་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་ལུ་ དང་འདོད་བསྐྱེད་མི་ སློབ་དཔོན་བགྲེསཔ་ ཉི་མ།


ལོ་༩ དེ་ཅིག་ ཞི་གཡོག་ནང་ སློབ་སྟོན་པའི་གོ་གནས་འབག་ཐོག་ལས་ ཕྱག་ཞུ་བའི་མཐའ་མར་ སློབ་སྟོན་གྱི་ལཱ་དེ་ལུ་ སྤྲོ་བ་ཡོད་དེ་འབད་རུང་ གཞུང་གིས་ ཤེས་ཡོན་གནང་སྟེ་ རང་མགོ་རང་འདྲོངས་བཟོ་གནང་མི་གི་ དྲིན་ལན་འཇལ་ནིའི་དོན་ལུ་ མི་སྡེའི་ནང་ རྒྱ་ཆེར་ཅན་གྱི་ཕན་ཐོགས་འབྱུང་ཚུགས་པའི་རེ་བ་ལུ་ ཁོ་གིས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ འབྲེལ་གཏོགས་འབད་ནི་གི་ དང་འདོད་བསྐྱེད་ཅི་ཟེར་ཨིན་པས།
བུམ་ཐང་སྟང་རྒེད་འོག་ དགའ་མ་གླིང་གཡུས་ཚན་ལས་ཨིན་མི་ ཚོགས་སྡེའི་འདེམས་ངོ་ནང་ དང་འདོད་བསྐྱེད་མི་ ཉི་མ་ལུ་ ཨ་ལུ་བུམོ་གཅིག་ཡོདཔ་ད་ ཁོ་གིས་ དེ་སྦེ་ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་དགོ་མི་དེ་ མི་མང་ལུ་ གདམ་ཁའི་གོ་སྐབས་བྱིན་ནི་གི་དོན་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཁོ་བཟུམ་སྦེ་ གཞན་གྱིས་ཡང་ རྒྱལ་ཁབ་ལུ་ཕྱག་ཞུ་ནི་གི་ དང་འདོད་ཅན་གྱི་ འོས་འབབ་ལྡན་པའི་འདེམས་ངོ་འཐོན་ནིའི་་འོས་འབབ་ཡོད་མི་དང་བསྟུན་ མི་མང་ལུ་ གདམ་ཁ་བྱིན་ནི་གི་དོན་ལུ་ཨིནམ་བཞིན་དུ་ སྤྱིར་བཏང་ ད་ལྟོའི་གོ་གནས་ལུ་ ཡོད་མི་ཚོགས་སྡེའི་འཐུས་མི་ཚུ་ལུ་ ལྕོགས་གྲུབ་མིན་འདུག་ཟེརཝ་མིན་པར་ འཐུས་མི་གསརཔ་དང་གཅིག་ཁར་ རིག་པ་གསརཔ་གི་ གདམ་ཁའི་གོ་སྐབས་བྱིན་ནི་གི་དོན་ལུ་ བཅའ་མར་གཏོགས་ནི་གི་རེ་བ་ཨིན་ཟེར་བཤད་ཅི།
ཁོ་གིས་ བཀང་ལུང་མཐོ་རིམ་སློབ་གྲྭ་ནང་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལུ་ བསམ་རྩེ་སློབ་དཔོན་སློབ་སྦྱོང་འབད་དེ་ ལོ་ངོ་༤ དེ་ཅིག་གི་རིང་ ལྷུན་རྩེ་ལུ་ སློབ་གྲྭའི་སློབ་དཔོན་སྦེ་ཕྱག་ཞུ་ཞིནམ་ལས་ ཨསི་ཊེ་ལི་ཡ་ལུ་ མི་སྡེའི་ཞབས་ཏོག་གྲོས་སྟོན་ནང་ གཙུག་ལག་ཤེས་ཡོན་གྱི་ སློབ་སྦྱོང་འབད་དེ་ ལོ་ངོ་༣ དེ་ཅིག་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་སློབ་སྟོན་པ་སྦེ་ སྡོད་ཡོདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་གི་ ལཱ་དང་འགན་འཁྲི་ དེ་ལས་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་གི་ལཱ་དང་འགན་འཁྲི་གི་བར་ན་ གོ་བ་བརྡ་ལོག་མ་འགྱོ་ནི་གི་དོན་ལུ་ ཞིབ་བསལ་ཐོག་ ཧ་གོ་དགོཔ་གལ་ཆེཝ་ལས་ ཁོ་གིས་ ཚོགས་སྡེའི་ལཱ་དང་འགན་འཁྲི་ཚུ་ དབྱེ་ཞིབ་མཐིལ་ཕྱིན་འབད་དེ་ མི་མང་ལུ་དེ་དང་འཁྲིལ་བའི་ ཁས་བླངས་གསལ་བསྒྲགས་ཚུ་འབད་འོང་ཟེར་ཨིནམ་ད་ དེ་མིན་པའི་ འབད་ཐབས་མེད་མི་དང་ འོས་འབྱོར་མེད་པའི་ ཁས་བླངས་ཚུ་འབད་ནི་གི་ མནོ་བསམ་མེད་ཟེར་ཨིན་པས།
ད་ལྟོ་ ལཱ་གཡོག་ནང་ལས་དགོངས་ཞུ་འབད་དེ་ དུས་ཚོད་ཡོདཔ་ལས་ ནང་འཁོད་ལས་ བཙག་འཐུ་དང་འབྲེལ་བའི་གྲ་སྒྲིག་ ཚུ་ཡང་འབད་འོང་ཟེར་ཨིན་པས།
ད་ལྟོ་བུམ་ཐང་གི་ ཚོགས་སྡེའི་འཐུས་མི་ ཚེ་དབང་འགྱུར་མེད་ཀྱིས་ འོས་ངོ་དེ་སྦེ་ཐོན་མི་དེ་ དམངས་གཙོའི་རིང་ལུགས་ནང་ མི་མང་གི་དོན་ལུ་ གདམ་ཁ་ལེགས་ཤོམ་ཅིག་ཨིནམ་ལས་ ངལ་རངས་ཡོད་ཟེར་བཤད་ཅི།
ཁོ་ར་ལོག་བཙག་འཐུའི་ནང་ བཅའ་མར་གཏོགས་འོང་ག་ཟེར་ དྲི་བའི་ལན་ལུ་ ཁོ་གིས་ ད་ལྟོ་དགོངས་ཞུ་མ་འབད་བར་ ཚོགས་སྡེའི་ མི་སྡེ་དང་ལམ་སྲོལ་ཚོགས་ཆུང་གི་ ཁྲི་འཛིན་ཡང་ཨིནམ་ལས་ དེ་དང་བསྟུན་པའི་ལཱ་དང་ འགན་འཁྲི་འབག་དགོཔ་ཡོདཔ་ལས་ བཙག་འཐུ་དང་འབྲེལ་བའི་ བསམ་འཆར་ཅིག་མེད་རུང་ གལ་སྲིད་སྤྱི་ལོ་༢༠༡༣ གི་བཙག་འཐུའི་ནང་འབྲེལ་གཏོགས་གི་ དང་འདོད་འབྱུང་པ་ཅིན་ ལོག་ཚོགས་སྡེའི་འཐུས་མི་གི་དོན་ལུ་ བཅའ་མར་གཏོགས་འོང་ཟེར་ སླབ་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment