གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཛམ་གླིང་ནང་ དཀོན་དྲགས་ཅན་ཅིག་ཨིན་མི་ ཕྱེ་མ་ལེབ་ མ་ཡལ་བར་ཡོད་པའི་མངོན་གསལ།

༢༥/༨/༢༠༡༢   ༉ འབྲུག་གི་རྒྱལ་ཡོངས་ཕྱེ་མ་ལེབ་སྦེ་ ངོས་འཛིན་འབད་མི་ ལུཌ་ལོསི་ སྭ་ལོ་ཊེལ་ཟེར་མི་ དཀོན་དྲགས་ཅན་གྱི་ཕྱེ་མ་ལེབ་དེ་ ངོས་འཛིན་འབད་དེ་ ལོ་༣ དེ་ཅིག་སོང་བའི་ཤུལ་ལུ་ ད་རུང་ སྤྱི་ཟླ་༧ པའི་ཚེས་༢༦ ལུ་ བུམ་སྡེ་གླིང་ རྒྱལ་ཡོངས་གླིང་ཁའི་ནང་ལུ་ འཛམ་གླིང་ནང་དཀོན་དྲག་ཅིག་ཨིན་མི་ ཕྱེ་མ་ལེབ་ཀྱི་རིགས་གཞན་མི་ཅིག་ཡང་ ཡོད་པའི་ངོས་འཛིན་བྱུང་ནུག།
ཊིརི་བརའུན་ ཕྱི་མ་ལེབ།


ཕྱེ་མ་ལེབ་ཀྱི་མིང་ལུ་ བྷུ་ཊཱན་ཊིརི་བ་རའུན་དང་ རྫོང་ཁའི་ནང་ ཐད་ཀར་སྐད་བསྒྱུར་འབད་བ་ཅིན་ འབྲུག་ཤིང་རྒྱ་སྨུག་ཕྱེ་མ་ལེབ་ ཟེར་མི་ ཕྱེ་མ་ལེབ་དེ་ འགོ་དང་པ་ སྤྱི་ལོ་༡༨༨༢ དེ་ཅིག་ཁར་ ཨིལ་བིསི་ཟེར་མི་ཕྱི་མི་ཅིག་གིས་ ས་གནས་གཞན་ཅིག་ནང་ མཐོང་གསལ་བྱུང་ཡོད་པའི་ ལོ་རྒྱུས་ཚུ་ ཡོདཔ་ཨིན་རུང་ འགོ་དང་པ་ སྲོག་ཆགས་དེ་བཟུམ་ཡོད་པའི་ ཐོ་བཀོད་དེ་ སྤྱི་ལོ་༡༩༣༠ དེ་ཅིག་ནང་ ཨིང་ལེནཌི་གི་ ལྟ་བཤལཔ་ཚུ་གིས་ འབྲུག་ལུ་མཐོང་གསལ་བྱུང་མི་ལས་ ངོས་འཛིན་འབད་དེ་ ཐོ་བཀོད་འབད་ནུག་ཟེར་ཨིན་པས།
ཨིན་རུང་ དེ་ལས་ཚུར་ ཕྱེ་མ་ལེབ་དེ་ འབྲུག་ལུ་ག་གིས་ཡང་ མཐོང་ཡོད་པའི་སྒྲུབ་བྱེད་ཅིག་མེད་པར་ ཡོད་མེད་ཀྱི་ཁ་གསལ་མེདཔ་ཨིན་རུང་ ད་རེས་ འཕྲལ་ཁམས་ཅིག་ཁར་ ཞིབ་འཚོལ་སྡེ་ཚན་ཅིག་གིས་ མཐོང་ཡོདཔ་མ་ཚད་ པར་བཏབ་ཚུགས་ནི་དེ་གིས་ འབྲུག་ལུ་ཕྱེ་མ་ལེབ་དེ་ མ་ཡལ་བར་ཡོད་པའི་ སྒྲུབ་བྱེད་དང་སྦྲགས་ གསལ་སྟོན་འབད་ཚུགས་མི་དེ་ ངལ་རངས་ཅན་ཅིག་ཨིན་པས།
ན་ཧིང་ རྒྱ་གར་ སི་ཀིམ་གི་བྱང་ཕྱོགས་ལུ་ཡང་ རྒྱ་གར་ཕྱེ་མ་ལེབ་ཚོགས་སྡེ་གིས་ ཕྱེ་མ་ལེབ་དེ་ མཐོང་གསལ་བྱུང་ཡོདཔ་ད་ དེ་བཟུམ་སྦེ་ མ་ཡེན་མར་གྱི་བྱང་ཕྱོགས་ལུ་ཡང་ ཡོདཔ་སྦེ་བཤདཔ་ཨིན་རུང་ ཕྱེ་མ་ལེབ་དེ་ འཛམ་གླིང་ནང་ དཀོན་དྲགས་ཅན་ཅིག་ཨིནམ་སྦེ་ ཞིབ་འཚོལ་པ་ཚུ་གིས་ བཤདཔ་ཨིན་པས།
ད་རེས་ ཕྱེ་མ་ལེབ་དེ་ ཡོད་པའི་མཐོང་གསལ་བྱུང་སྟེ་ ཇ་པཱན་ཕྱེམ་ལའི་ཚོགས་སྡེ་དང་ བུམ་ཐང་ ཨོ་རྒྱན་དབང་ཕྱུག་ སྲུང་སྐྱོབ་དང་རང་བཞིན་སློབ་སྦྱོང་ལྟེ་བ་ དེ་ལས་ རི་དྭགས་སྲུང་སྐྱོབ་སྡེ་ཚན་དང་ བུམ་སྡེ་གླིང་ རྒྱལ་ཡོངས་གླིང་ཁའི་ ནགས་ཚལ་འགོ་དཔོན་ཚུ་ཡོད་པའི་ ཞིབ་འཚོལ་སྡེ་ཚན་ཅིག་གིས་ ངོས་འཛིན་འབད་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ཞིབ་འཚོལ་སྡེ་ཚན་དེ་ བུམ་སྡེ་གླིང་ལུ་ རྒྱལ་ཡོངས་ཕྱེ་མ་ལེབ་ སྐྱེས་ཁམས་གནས་སྟངས་ཀྱི་སྐོར་ལས་ ཞིབ་འཚོལ་འབད་བའི་སྐབས་ ཞིབ་འཚོལ་གྱི་ས་ཁོངས་ནང་ མཐོང་ཡོདཔ་ཨིན་པས།
ཕྱེ་མ་ལེབ་དེ་གི་ པར་བཏབ་མི་ རི་དྭགས་སྲུང་སྐྱོབ་སྡེ་ཚན་ལས་ བསོད་ནམས་དབང་འདུས་ཀྱིས་ སླབ་མིའི་ནང་ དེ་བཟུམ་མའི་ དཀོན་དྲགས་ཅན་གྱི་ཕྱེ་མ་ལེབ་དེ་ མཐོང་ཚུགས་ནི་ལུ་ ག་ནི་བ་དཀོན་དྲག་ཅིག་ཨིན་རུང་ དེ་རེས་ འདི་བཟུམ་གྱི་ གོ་སྐབས་ཐོབ་མ་ཚད་ པར་བཏབ་ཚུགས་མི་དེ་གིས་ སྐལ་བ་བཟང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཕྱེམ་ལ་བྷུ་ཊཱན་ཏིརི་བ་རའུན་དེ་ འབྲུག་ལུ་ཡང་དཀོན་སུ་ཅིག་ཨིན་པའི་ མངོན་གསལ་ཡོད་ཟེར་ཨིནམ་ད་  དེ་ཡང་ ག་ཅི་སྦེ་ཟེར་བ་ཅིན་ ན་ཧིང་ ཕྱེ་མ་ལེབ་ཀྱི་ཞིབ་འཚོལ་སྡེ་ཚན་དེ་གིས་ བུམ་སྡེ་གླིང་གི་ས་ཁོངས་ཆ་མཉམ་ རྒྱལ་ཡོངས་ཕྱེ་མ་ལེབ་ཀྱི་ སྒོང་རྡོག་འཚོལཝ་ད་ ཞིབ་ཞིབ་སྦེ་ བལྟ་ཞིབ་འབད་ཡོདཔ་ཨིན་པས།
དེ་མ་ཚད་ བསོད་ནམས་དབང་འདུས་ཀྱིས་ འབད་བ་ཅིན་ འབྲུག་གི་ ཕྱེ་མ་ལེབ་སྲུང་སྐྱོབ་ཀྱི་དོན་ལུ་ དེ་བཟུམ་མའི་མཐོང་གསལ་བྱུང་མི་དེ་ ཕྱེ་མ་ལེབ་ཐོ་བཀོད་དང་འབྲེལ་བའི་ གཙོ་རིམ་ནང་ གལ་ཅན་ཅིག་ཨིན་པའི་ཁར་ ད་རེས་འབྲུག་གི་ནགས་ཚལ་དང་ རང་བཞིན་སྲུང་སྐྱོབ་བཅའ་ཁྲིམས་ནང་ སྲུང་སྐྱོབ་ཀྱི་ གཙོ་རིམ་ཅན་གྱི་ གནས་ཐོ་བསྐྱར་གསོ་འབད་བའི་བསྒང་ཡོདཔ་ལས་ པར་དང་སྦྲགས་ ཐོབ་སྟེ་སྒྲུབ་བྱེད་ཡོད་ནི་དེ་གིས་ ཕྱེ་མ་ལེབ་དེ་ཡང་ སྲུང་སྐྱོབ་ཀྱི་གཙོ་རིམ་ནང་ཚུད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ནགས་ཚལ་དང་ རི་དྭགས་སྲུང་སྐྱོབ་འགོ་དཔོན་ཚུ་གིས་ འབད་བ་ཅིན་ འབྲུག་གི་ རང་བཞིན་གནས་སྟངས་དེ་ ད་ཚུན་ ཕྱིའི་གནོད་སྐྱོན་སྦོམ་མེདཔ་ལས་ མ་ཉམས་པར་ཡོད་ནི་དེ་གིས་ སྐྱེ་ལྡན་རིགས་སྣའི་ཞིབ་འཚོལ་གྱི་ ལས་འགུལ་ཚུ་གིས་ འབྲུག་གི་སྐྱེ་ལྡན་ ངོས་འཛིན་མ་བྱུང་པར་ཡོད་མི་ཚུ་ ངོས་འཛིན་འབད་དེ་ ཐོ་བཀོད་གསརཔ་འབད་ནི་ལུ་ ལྷན་ཐབས་འབད་བའི་ གསལ་སྟོན་བྱུངམ་མས་ཟེར་ཨིན་པས།
ཕྱེ་མ་ལེབ་གནས་སྟངས་ལེགས་ཤོམ་ཡོད་པའི་ སྐྱེ་ལྡན་གནས་སྟངས་དེ་གིས་ ས་གནས་ཀྱི་ རང་བཞིན་གནས་སྟངས་དང་ སྐྱེ་ལྡན་གནས་སྟངས་ལུ་ ཉམས་སྐྱོན་མེད་པར་ ལེགས་ཤོམ་ཡོད་པའི་གསལ་སྟོན་ཡང་ འབདཝ་ཨིན་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment