གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བདེན་ཁུངས་མེད་པའི་ གནས་ཚུལ་བྲིས་བཀོད་འབད་མི་ལུ་ གྲོས་བསྡུར།

༢༠/༨/༢༠༡༢   
བརྡ་བརྒྱུད་ཚུ་ རང་དབང་གི་ ཚ་གྱང་ལང་ནི་ཨིནམ་ལས་ གཞུང་གིས་ གདོང་ལེན་མི་འབད་ནི་ཨིན་རུང་ བདེན་པ་ཡོད་མེད་ཀྱི་ ར་ཁུངས་དེ་ མི་སེར་ཚུ་ལུ་ དག་གསལ་རྐྱབ་འོང་ཟེར་ཨིན་པས།

༉ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པའི་ ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས་ཐེངས་༤ པའི་ནང་ རྫོང་ཁག་༢༠ ལས་ ཚོགས་པའི་ངོ་ཚབ་དང་ ཚོགས་པ་ དེ་ལས་ འཐུས་མི་༣༠༠ ལྷགཔ་ཅིག་གིས་ ཐིམ་ཕུ་ལུ་འཛོམས་ཐོག་ལས་ གནས་ཚུལ་གསར་ཤོག་༡ ལུ་ ངོས་ལེན་དང་ ཡིད་ཆེས་མེད་པའི་ཁར་ དོགས་པ་ཡོད་ལུགས་ཀྱི་སྐོར་ལས་ གྲོས་བསྡུར་འབད་ཡི།
ཁ་ཙ་ ཐིམ་ཕུ་ལུ་ འབྲུག་ཕུན་སུམ་ཚོགས་པའི་ ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས་ཐེངས་༤ པ་ འཚོགས་པའི་བསྒང་།


དེ་ཡང་ ཨིང་སྐད་ཀྱི་ གནས་ཚུལ་གསར་ཤོག་ཅིག་གིས་ གཞུང་སྐྱོང་ལུ་ རྒྱལ་པོའི་ཞིང་གི་ ས་ཆ་དང་འབྲེལ་བའི་རྩོད་ཉོགས་དང་ པདྨ་དགའ་ཚལ་གདན་ཆི་ཁྲོམ་དང་འབྲེལ་བའི་གནད་དོན་ དེ་ལས་ རྒྱན་ཤོག་དང་འབྲེལ་བའི་ཉེས་བཙུགས་ཀྱི་ གནས་ཚུལ་ཐེངས་ལེ་ཤ་ཅིག་ བྲིས་བཀོད་འབད་མི་དེ་ གཏམ་ཁ་གསལ་བའི་སྐབས་ བདེན་མེད་ཨིན་པའི་ ར་ཁུངས་ཐོནམ་ལས་ དེ་བཟུམ་མའི་ བརྡ་བརྒྱུད་ལུ་ ཡིད་ཆེས་བསྐྱེད་མ་ཚུགས་པའི་ཁར་ དོགས་སྣང་བསྐྱེདཔ་མས་ཟེར་ ཚོགས་པའི་འཐུས་མི་ ལེ་ཤ་ཅིག་གིས་སླབ་ཅི།
དེ་ཡང་ ཚོགས་པའི་འཐུས་མི་ཚུ་ལུ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ ཞིབ་དཔྱད་འབད་ཡོད་པའི་སྙན་ཞུ་ཅིག་ གསལ་བཤད་འབད་མིའི་ནང་ རྒྱལ་པོའི་ཞིང་གི་ ཁྲོམ་སའི་ཐད་ཁར་ གསར་ཤོག་གིས་འབད་བ་ཅིན་ མི་དབང་རྒྱལ་པོའི་བཀའ་རྒྱ་ལུ་མ་གནས་པའི་ཁར་ རྫོང་ཁག་བདག་སྐྱོང་གིས་ བཀའ་ཤོག་ལུ་ མ་གནས་པའི་དབང་ཚད་ལོག་སྤྱོད་འབད་ཡོདཔ་མ་ཚད་ ཁྲོམ་སའི་ནང་ སྒེར་ས་ཚུད་ཡོད་མི་ཚུ་གི་ རྒུད་འཐུས་ཚུ་ཡང་ མ་སྤྲོད་པས་ཟེར་བཀོད་མི་དེ་ མི་བདེན་ཟེར་ཨིན་པས།
བློན་པོ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ རྒྱལ་པོའི་ཞིང་གི་ས་ཆ་དེ་ རྫོང་ཁག་ཚོགས་ཆུང་གིས་ ལམ་ལུགས་དང་མ་འགལ་བར་ བགོ་བཀྲམ་ཚུ་འབད་ནུག་ཟེར་ཨིནམ་ད་ རྫོང་བདག་ཁོ་ར་༡ གིས་ དབང་ཚད་ཐོག་ བགོ་བཀྲམ་འབད་འབདཝ་མེན་པས་ཟེར་ཨིན་པས།
ཨིན་རུང་ གནས་ཚུལ་གསར་ཤོག་དེ་གིས་ ཚོགས་དཔོན་དང་ བློན་ཆེན་ དེ་ལས་ ཞབས་ཏོག་བློན་པོ་ཚུ་གིས་ ཉེས་ལས་འཐབ་ཡོདཔ་ ངེས་བདེན་ཨིན་པའི་ ར་ཁུངས་བཟང་སྟེ་ ཉེས་བཙུགས་ཀྱི་གནས་ཚུལ་ གསལ་བཀོད་འབད་ཡོདཔ་མ་ཚད་ རྒྱལ་པོའི་ཞིང་གི་ ཁྲོམ་ས་དེ་ འགོ་ཐོག་ལུ་ ཀུར་རི་ཆུ་གློག་མེ་ལས་འགུལ་གྱིས་ གཞུང་ས་དང་ སྒེར་ས་ག་ར་ མཁོ་སྒྲུབ་འབད་དེ་ རྒུད་འཐུས་དགོ་མི་ལུ་ རྒུད་འཐུས་དང་ ས་ཚབ་དགོ་མི་ལུ་ ས་ཚབ་སྤྲོད་ཚར་ཡོདཔ་ལས་ རྒུད་འཐུས་མ་སྤྲོད་པའི་ ཉེས་འཛུགས་དེ་ཡང་ བདེན་ཁུངས་མེདཔ་ཨིན་ཟེར་བཤད་ཅི།
ད་རུང་ གསར་ཤོག་དེ་གིས་ པདྨ་དགའ་ཚལ་ གདན་ཆི་ཁྲོམ་སའི་དོན་ལུ་ ས་ཆ་ཌིས་རེ་ལུ་ དངུལ་ཀྲམ་༩,༠༠༠ རེ་ སྤྲོད་མི་དེ་ཡང་ སའི་ཇོ་བདག་གི་གྲས་ཁར་ བློན་ཆེན་གྱི་མི་ ཡོད་ནི་དེ་གིས་ཨིན་མས་ཟེར་ ཉེས་བཙུགས་དང་འབྲེལ་བའི་ གནས་ཚུལ་བཀོད་ཡོད་རུང་ ཞབས་ཏོག་བློན་པོ་གིས་ ཚོགས་པའི་འཐུས་མི་ཚུ་ལུ་ བཤད་མི་དང་འཁྲིལཝ་ད་ གནད་དོན་ངོ་མ་དེ་ སྤྱི་ལོ་༡༩༩༠ ལས་ རྫོང་ཁག་ཚུ་ནང་གི་ ཁྲོམ་སྡེ་གོང་འཕེལ་གྱི་ལཱ་ཚུ་ འགོ་བཙུགས་པའི་སྐབས་ པདྨ་དགའ་ཚལ་ལུ་ ས་ཁོངས་འོས་ལྡན་ཅིག་མེད་པར་ ལུས་ཡོདཔ་ཨིན་ཟེར་ཨིན་པས།
ཨིན་རུང་ མི་དབང་འབྲུག་རྒྱལ་༤ པ་མཆོག་གིས་ གདན་ཆི་ལུ་ འོས་འབབ་ཡོདཔ་སྦེ་ བཀའ་གནངམ་བཞིན་དུ་ པདྨ་དགའ་ཚལ་ལུ་ ཁྲོམ་ས་འོས་ལྡན་ཡོད་རུང་མེད་རུང་ གདན་ཆི་མ་གཏོགས་ གཞན་མེད་མི་དེ་ ག་ར་སྒེར་ས་ཚུ་ཨིན་པའི་ ངོས་འཛིན་བྱུང་ཡི་ཟེར་ཨིན་པས།
ཁྲོམ་ས་ངོས་འཛིན་འབད་དེ་ སའི་ཇོ་བདག་ཚུ་གིས་ ས་ཆ་དེ་ གཞུང་ལུ་ཕུལ་ནི་གི་ ངོས་ལེན་འབད་ཡོད་རུང་ རིན་གོང་དེ་ གཞུང་གི་རིན་གོང་ཐོག་ ཕུལ་མི་ཚུགས་ཟེར་སླབ་ལས་ གཞུང་གི་ ལམ་ལུགས་དང་བསྟུན་ གནས་གོང་བཏོན་པའི་སྐབས་ དེ་ནང་གི་ས་ཆ་ཚུ་ ཁྲོམ་གྱི་དོན་ལུ་ཨིན་རུང་ ཁྲོམ་སྡེའི་ངོས་འཛིན་མེདཔ་ལས་ ཌིས་རེ་ལུ་ དངུལ་ཀྲམ་༣,༠༠༠ ལས་༥,༠༠༠ གི་བར་ན་ལས་ མི་ཐོབ་པས་ཟེར་ཨིན་པས།
དེ་ལུ་ སའི་ཇོ་བདག་ཚུ་གིས་ ཉན་མ་བཏུབ་པའི་ཁར་ ས་གནས་གཞུང་གི་ ཁྲིམས་ལུགས་དང་བསྟུན་ རྫོང་ཁག་རེ་ནང་ ཁྲོམས་སྡེ་ཁ་པ་རེ་ ངོས་འཛིན་འབད་དགོ་པའི་སྐབས་ གདན་ཆི་དེ་ པདྨ་དགའ་ཚལ་གྱི་ ཁྲོམ་སྡེ་སྦེ་ ཚོགས་ཁང་གོང་འོག་༢ ཆ་ར་ལས་ ཆ་འཇོག་འགྲུབ་ཞིནམ་ལས་ མི་སེར་ཚུ་གིས་ཡང་ ཁྲོམ་སྡེའི་ གོང་ཚད་ཁར་དགོཔ་སྦེ་སླབ་ལས་ ཌིས་རེ་ལུ་ དངུལ་ཀྲམ་༩,༠༠༠ རེ་བྱིན་ནི་སྦེ་ གཞུང་གིས་ ཐག་བཅད་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ གཞན་དང་གཞན་ཡང་ གསར་ཤོག་དེ་གིས་ གཞུང་ལུ་ ཉེས་བཙུགས་དང་འབྲེལ་བའི་གནད་དོན་ཅིག་ རྒྱན་ཤོག་གི་སྐོར་ལས་ཨིནམ་ད་ རྒྱན་ཤོག་གི་གནས་སྟངས་དེ་ ཧེ་མ་ འབྲུག་གཞུང་ལུ་ འོང་འབབ་ཀྱི་འབྱུང་ཁུངས་མེདཔ་ལས་ རྒྱན་ཤོག་འགོ་བཙུགས་ཏེ་ རྒྱན་ཤོག་ཚུ་ རྒྱ་གར་ལུ་ བཙོང་ཆོག་པའི་གནང་བ་ལེན་ཏེ་ རྒྱ་གར་གྱི་མི་ངོ་ཚུ་གིས་ རིན་བསྡུར་ཐོག་ ཁག་འབག་གི་ངོ་ཚབ་འབད་དེ་ འགོ་འདྲེན་འཐབ་ནུག་ཟེར་ཨིན་པས།
དེ་ལས་ རྒྱན་ཤོག་གི་ ངོ་ཚབ་དང་འབྲེལ་བའི་གནད་དོན་ཚུ་ཡང་ ཧེ་མ་ གནས་སྐབས་གཞུང་སྐབས་ཀྱི་ གནད་དོན་ཚུ་ཨིན་པའི་ཁར་ གནས་སྐབས་གཞུང་གིས་ཡང་ ལམ་ལུགས་དང་བསྟུན་འབད་ཡོདཔ་ལས་ ད་ལྟོའི་གཞུང་གིས་ རྒྱན་ཤོག་དེ་ མ་དགོཔ་སྦེ་ ཆ་མེད་བཏང་མི་དེ་ གསར་ཤོག་དེ་དང་འཁྲིལ་བ་ཅིན་ འོང་འབབ་བཟོ་མི་ཅིག་ཨིནམ་ལས་ སླར་ལོག་དགོ་ནི་བཟུམ་ཅིག་སྦེ་ བྲིས་ནུག་ཟེར་ བློན་ཆེན་མཆོག་གིས་གསུངས་ཡི།
དེ་བཟུམ་སྦེ་ ཚོགས་པའི་འཐུས་མི་ལེ་ཤ་ཅིག་གིས་ རྒྱན་ཤོག་དེ་ལུ་ ཕྱིའི་རྒྱབ་སྐྱོར་ཡོད་པའི་དོགས་པ་ བཀོད་མི་ཡང་ ཐོན་ཡོདཔ་མ་ཚད་ ལ་ལུ་ཅིག་གིས་ ཁྲིམས་དང་བསྟུན་ ཉེས་བཤེར་གྱི་དོན་ལུ་ ཁྲིམས་ཁང་ནང་ཨིན་རུང་ བསྐྱལ་དགོཔ་འདུག་ཟེར་ བཤདཔ་ཨིན་རུང་ བློན་ཆེན་གྱིས་ ད་སྦེ་འབད་བ་ཅིན་ བརྡ་བརྒྱུད་ཚུ་ལུ་ རང་དབང་གི་ ཚ་གྱང་ལང་ནི་ཨིནམ་ལས་ གསར་ཤོག་དེ་ལུ་ གཞུང་གིས་ གདོང་ལེན་ག་ནི་ཡང་ མི་འབད་ཟེར་ཨིནམ་ད་ ཨིན་རུང་ བདེན་པ་ཡོད་མེད་ཀྱི་ར་ཁུངས་དེ་ གཞུང་གིས་ མི་སེར་ཚུ་ལུ་ དག་གསལ་རྐྱབ་འོང་ཟེར་ གསུངས་ཡོད་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment