གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀ་ལ་སྤང་གཡུས་ཚན་ནང་ གཟིག་གིས་ སྒོ་ནོར་སེམས་ཅན་ལུ་གནོད་པ་བཀལ་དོ་ཡོདཔ།

༢༧/༨/༢༠༡༢     ༉ མོང་སྒར་རྫོང་ཁག་ ས་གླིང་རྒེད་འོག་ ཀ་ལ་སྤང་གཡུས་ཚན་ནང་ ན་ཧིང་ལས་འགོ་བཙུགས་ཏེ་ གཟིག་ཚུ་གིས་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོད་པ་སྦོམ་བཀལ་དོ་ཡོདཔ་ལས་བརྟེན་ མི་སེར་སོ་ནམ་པ་ཚུ་ ཁྱིམ་དང་ ནོར་གྱི་བྱང་སའི་སྦོ་ལོགས་ཁར་ ཕྱི་རུ་ཨ་རྟག་ར་ མེ་འཕུ་བཞག་དགོཔ་ཐོན་དོ་ཡོདཔ་ཨིན་པས།
སོ་ནམ་པ་ཅིག་གིས་ མོ་གི་ར་ལུ་ གཟིག་གིས་རྨ་བཏོན་འབད་མི་ སྨན་བཅོས་འབད་བའི་བསྒང་།


དེ་ཡང་ གཡུས་ཚན་དེ་གི་ཚོགས་པ་ ཀུན་ལེགས་ཀྱིས་སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ དེ་བཟུམ་གྱི་སེམས་ཅན་གྱིས་ ཁོང་གི་གཡུས་ཁ་ལུ་ གནོདཔ་སྦོམ་ཅིག་བཀལ་ནི་མེད་ཟེར་ཨིན་རུང་ ན་ཧིང་ལས་འགོ་བཙུགས་ ད་ལྟོ་ཚུན་གྱི་བར་ན་ ནོར་༩ དེ་ཅིག་དང་ གཡུས་ཕག་༡ དེ་ལས་ བྱམོ་༡༦ ལུ་ གནོད་བཀལ་ཡི་ཟེར་ཨིན་པས།
གནོད་འཚབ་ཆེ་ཧིང་ལུ་བལྟ་བ་ཅིན་ དུས་ཅི་ ཟླཝ་༣ གྱི་ནང་འཁོད་ལུ་ར་ ནོར་༦ བསད་ཡོདཔ་མ་ཚད་ བདུན་ཕྲག་འདི་ནང་ བྱམོ་༡༦ བསད་ཡོདཔ་ད་ ཕགཔ་༡ དང་ནོར་༡ ལུ་རྨ་སྐྱོན་བཏོན་ནུག་ཟེར་ཨིན་པས།
དུས་ཅི་ལོ་ནང་ ནོར་ལུ་ གནོད་པོ་བཀལ་མི་འགོ་ཐོག་དེ་ཡང་ སྤྱི་ཟླ་༦ པའི་ནང་ གཡུས་ཚན་དེ་གི་ མཇུག་ལས་མར་ ཀུར་རི་ཆུ་གློག་མེའི་ ཆུ་མཛོད་ཁང་གི་ཉེ་འདབས་ལུ་ ནོར་འཚོ་བཞག་པའི་སྐབས་ལུ་ གནོདཔ་བཀལ་ཡོད་མི་ལས་ཚུར་ འདས་པའི་བདུན་ཕྲག་༡ གི་ནང་འཁོད་ ཀ་ལ་སྤང་གཡུས་ཚན་ལས་ སྐྱེས་ལོ་༦༠ ལང་མི་ རིན་ཆེན་དབང་འདུས་ཀྱི་ནོར་༦ བསད་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ན་ཧིང་ཡང་ བ་༢ གཟིག་ལུ་ཤོར་སོ་ཡི་ཟེར་ཨིནམ་ད་ དུས་ཅི་ ནོར་༦ བསད་མི་ལས་ འགོ་དང་པ་གླང་གཅུང་༢ དང་ བ་ཐམ་༤ བསད་ད་ཡི་ཟེར་ཨིནམ་མ་ཚད་ བ་ཐམ་༤ གི་གྲས་ལས་༡ སྦྲུམ་འབག་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ནོར་བསད་ཚུགས་མི་ལུ་ལྟ་བ་ཅིན་ གཅན་གཟན་གཟིག་དེ་ ཆུང་ཀུ་མིན་པར་ ཧ་ལམ་སྦོམ་སུ་ཅིག་ར་ཡོད་པའི་དོགས་པ་ཡོད་ཟེར་ཨིན་པས།
མི་ཚུ་གིས་འབད་བ་ཅིན་ གཟིག་ཆུང་ཀུ་ ལེ་པཱོཊ་ཟེར་མི་དེ་ཨིན་པས་ཟེར་སླབ་ཨིན་རུང་ ནོར་ཚུ་ལུ་གནོད་པ་བཀལ་སར་བལྟཝ་ད་ གཟིག་དེ་སྦོམ་ར་ཡོད་པའི་དོགས་པ་ཡོད་པའི་ཁར་ ད་རེས་ནངས་པ་ ཁོ་གི་གཡུས་ཁར་ ཞག་ཡང་ཉལ་མ་བཅུག་པར་ བྱམོ་གི་ཚང་ཚུ་དཀྲོགས་དོ་ཡོདཔ་མ་ཚད་ ཕགཔ་དང་ ར་ཚུ་ལུ་གནོདཔ་བཀལ་དོ་ཡོདཔ་ཨིན་པས།
བྱམོ་དང་ ཕགཔ་ལུ་གནོདཔ་བཀལ་ནི་དེ་ཡང་ སྤྱི་ཟླ་འདི་གི་ ཚེས་༢༠ ལུ་འོང་ཡོདཔ་ད་ དེ་ཡང་ དྲོ་པའི་ཚུ་ཚོད་༢ དེ་ཅིག་ཁར་ བྱམོ་གི་ཚང་དཀྲོགས་ཏེ་ བྱམོ་༣ བསདཔ་མ་ཚད་ ད་རུང་ ཁྱིམ་ཚང་༡ གི་ བྱམོ་ཡང་བསད་དེ་ཕགཔ་ལུ་ཡང་ རྨ་སྐྱོན་བཏོན་ནུག་ཟེར་ཨིན་པས།
གཟིག་གིས་གནོད་པ་བཀལ་བའི་སྐབས་ལུ་ ཇོ་བདག་གིས་ ཤེས་རྟོགས་བྱུང་ཡོདཔ་ལས་ ནུབ་མོ་སྐད་རྐྱབ་སྟེ་ ཁྱིམ་ཚང་ཚུ་འབོ་སྟེ་བདའ་འགྱོཝ་ད་ གཟིག་དེ་གིས་ བྱའི་ཚང་གུ་ལས་ ཚར་ཅིག་གུ་མཆོངས་ཡར་སོཔ་ལས་བརྟེན་ ཁོ་ལུ་གནོདཔ་ག་ནི་ཡང་བཀལ་མ་ཚུགས་ཟེར་ སོ་ནམ་པ་ བསོད་ནམས་ཀྱིས་སླབ་ཨིན་པས།
སྤྱི་ཚེས་༢༣ ལུ་ ད་རུང་ ཁྱིམ་ཚང་གཅིག་གི་ བྱམོ་༣ དང་ ར་༡ ལུ་ གནོདཔ་བཀལ་བའི་ཤུལ་ དེ་ཚེ་ནུབ་མོ་ར་ ཁྱིམ་ཚང་ཅིག་གི་བྱམོ་༥ བསད་ཡོདཔ་ད་ དེ་བསྒང་ཡང་ ཁྱིམ་ནང་ལུ་ མི་ཚུ་མ་ཉལ་བར་ཡོད་རུང་ གཟིག་དེ་བདའ་མ་ཟུནམ་ཨིན་པས།
སྤྱི་ཟླ་འདི་གི་ཚེས་༢༥ གི་ནུབ་མོ་ཡང་ གཟིག་འོང་སྟེ་ ད་རུང་ བྱམོ་༤ བསད་ཡོདཔ་ལས་ བསྡོམས་ཀྱིས་ཁྱིམ་༡ ནང་ལས་ བྱམོ་༧ གཟིག་ལུ་ཤོར་མི་ སྐྱེས་ལོ་༥༠ ལང་མི་ རྡོ་རྗེ་མོ་གིས་སླབ་མིའི་ནང་ ད་རེས་ནངས་པ་ གཟིག་གིས་ སེམས་ཅན་ཚུ་ལུ་ གནོད་པ་བཀལ་ཏེ་ བཞག་ཡང་ལེགས་ཤོམ་སྦེ་ ཉལ་མ་བཅུགཔ་ལས་ རང་གི་ཚེ་སྲོག་ལུ་ཡང་ ཉེན་ཁ་འདུག་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ ད་རེས་ནངས་པ་ སྒོར་ནོར་སེམས་ཅན་ཚུ་ལུ་ གཟིག་གིས་ གནོདཔ་བཀལ་བར་འོང་དོ་ཡོདཔ་ལས་ ཚ་གྱང་སྦོམ་ལང་སྟེ་ཡོད་ཟེར་ཨིནམ་ད་ གཞུང་གི་ཁ་ཐུག་ལས་ ཐབས་ཤེས་ཅིག་བཏོན་ཚུགས་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།
ད་རུང་ བྱམོ་༥ གཟིག་ལུ་ཤོར་མི་ ཇོ་བདག་སྐལ་བཟང་ཆུང་ཀུ་གིས་ སླབ་མིའི་ནང་ མི་ཚུ་མ་ཉལཝ་ལས་ར་ གཟིག་གི་ ཁྱིམ་སྐོར་ར་རྐྱབ་སྟེ་ འོངམ་མས་ཟེར་ཨིནམ་ད་ དེ་ཡང་ མོ་རའི་བྱམོ་༣ དེ་ སྤྱི་ཟླ་༨ ཚེས་༢༣ གྱི་ནུབ་མོའི་ ཆུ་ཚོད་༡༠ དེ་ཅིག་ལུ་འོང་སྟེ་ བསད་ནུག་ཟེར་ཨིནམ་ད་ ད་རུང་ དྲོ་པ་ བྱམོ་གི་ཚང་ནང་བལྟ་བའི་བསྒང་ལས་ བྱམོ་༢ བསད་བཞག་ནུག་ཟེར་ཨིན་པས།
སོ་ནམ་པ་རིན་ཆེན་དབང་འདུས་ཀྱིས་ སླབ་མིའི་ནང་ གཟིག་དེ་ ལོ་ན་རྒས་མི་ཅིག་འོང་ནི་མས་ཟེར་ཨིནམ་ད་  ཁོ་རའི་གཟུགས་སྟོབས་ཉམས་ཏེ་ གཡུས་ཁ་ལུ་ གནོདཔ་བཀལ་བར་འོང་དོ་ཡོད་པའི་དོགས་པ་ཡོད་ཟེར་ཨིན་པས།
མི་སེར་ཚུ་གིས་འབད་བ་ཅིན་ དེ་བཟུམ་གྱི་གནོད་པ་བཀལ་བའི་སྐབས་ལུ་ ད་ལྟོ་ཚུན་ གཞུང་ལས་ རྒུད་འཐུས་ག་ཅི་ཡང་མ་གནང་རུང་ ད་ལས་ཕར་ ཕྱེད་ཀ་དེ་ཅིག་གནང་དགོཔ་འདུག་ཟེར་ཨིན་པས།
གླིང་མེད་ཐང་ ནགས་ཚལ་གླིང་འཛིན་ཡིག་ཚང་ལས་ གླིང་འཛིན་པ་ ངག་དབང་རྒྱ་མཚོ་གིས་སླབ་མིའི་ནང་ རྒུད་འཐུས་དེ་ སེམས་ཅན་སྟག་གིས་ གནོདཔ་བཀལ་བའི་སྐབས་ལུ་མ་གཏོགས་ སྤྲོད་ཐབས་མེད་ཟེར་ཨིན་རུང་ ནགས་ཚལ་ལས་ཁུངས་གི་ཁ་ཐུག་ལས་ གནོདཔ་བཀལ་མི་སེམས་ཅན་དེ་ ས་ཕྱོགས་གཞན་ཅིག་ནང་བཀལ་ནིའི་འཆར་གཞི་ཡོད་ཟེར་ཨིནམ་ད་ ནགས་ཚལ་གླིང་འཛིན་པ་ཚུ་ཡང་ གཡུས་ཁའི་ཚོགས་པ་གིས་ གནད་དོན་དེ་གི་སྐོར་ལས་ སྙན་ཞུ་ལྷོད་པའི་ཤུལ་ལུ་ ས་གནས་དེ་ཁར་ བལྟ་བར་སོང་ཡི་ཟེར་ཨིན་པས།
ད་རེས་ནངས་པ་ གཡུས་ཚན་དེ་ནང་གི་ མི་སེར་སོ་ནམ་པ་ཚུ་གིས་ སྒོ་ནོར་ཚུ་གཟིག་ལས་སྲུང་ཐབས་ཀྱི་དོན་ལུ་ ཉལ་བའི་གཉིད་ཡང་མེད་པར་ ལ་ལུ་གིས་ ནུབ་མོ་སྐད་རྐྱབ་ ལ་ལུ་གིས་ སྤྲིན་ཐག་བཟོ་ཐོག་ལས་ སྤྲིན་ཚུ་བརྡུང་ནི་འགོ་བཙུགས་ཡོདཔ་ད་ གཡུས་སྒོའི་ནང་ དེ་བཟུམ་གྱི་གནོད་སྐྱོན་རྐྱབ་སྟེ་འབད་རུང་ གཞུང་ལུ་སྙན་ཞུ་མ་འབད་བར་ཡོད་མི་དེ་ ལཱ་གིས་ མ་ཁོམས་མི་ལུ་བརྟེན་ཨིན་ཟེར་ མི་སེར་ཚུ་གིས་སླབ་ཨིན་པས།
ད་རེས་ནངས་པ་ ཀ་ལ་སྤང་གཡུས་ཚན་དེ་ནང་ ཁྱིམ་གུང་པ་༢༥ དེ་ཅིག་ཡོདཔ་ད་ གཡུས་ཚན་དེ་ཡང་ ནགས་ཚལ་གྱི་མཐའ་སྐོར་ཏེ་ཡོདཔ་ད་ ཀ་ལ་སྤང་གཡུས་ཚན་དེ་ ཀུར་རི་ཆུ་གློག་མེ་འཕྲུལ་ཁང་གི་ ཆུ་མཛོད་ཁང་ལས་ཀི་ལོ་མི་ཊར་༡༢ དེ་ཅིག་གི་ ས་ཁར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment