གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨེ་མི་རི་ཀ་དང་ཕྱདཔ་ད་ ཇ་པཱན་གྱི་ ལྟ་བཤལ་མང་སུ་འོང་དོ་ཡོདཔ།

༢༩/༨/༢༠༡༢     ༉ ན་ཧིང་ཚུན་ འབྲུག་ལུ་འོང་མི་ ལྟ་བཤལ་པའི་གྱངས་ཁ་ མཐོ་ཤོས་དེ་ ཨེ་མི་རི་ཀ་ལས་ཨིན་རུང་ དུས་ཅི་འབདཝ་ད་ སྤྱི་ཟླ་༧ པ་ཚུན་གྱི་ ནང་འཁོད་ལུ་ར་ ཇ་པཱན་གྱི་ ལྟ་བཤལ་པའི་གྱངས་ཁ་དེ་ མཐོ་ཡོདཔ་ཨིན་པས།


འབྲུག་ལྟ་བཤལ་ཚོགས་སྡེའི་ ཐོ་བཀོད་དང་འཁྲིལཝ་ད་ དུས་ཅི་ སྤྱི་ཟླ་༧ པ་ཚུན་ ཇ་པཱན་གྱི་ལྟ་བཤལཔ་༣,༩༢༣ རྒྱལ་ཁབ་ནང་འོང་ཡོདཔ་ད་ ཨེ་མི་རི་ཀ་ལས་༢,༥༦༡ ལས་བརྒལ་ མ་འོངམ་ཨིན་པས།
ལྟ་བཤལ་ཚོགས་སྡེའི་ འགོ་དཔོན་ཚུ་དང་ ལྟ་བཤལ་འགོ་འདྲེན་འཐབ་མི་ཚུ་གིས་ སླབ་མིའི་ནང་ དུས་ཅི་ ཇ་པཱན་ལས་ ལྟ་བཤལཔ་ལེ་ཤ་འོང་མི་དེ་ཡང་ ན་ཧིང་ མི་དབང་རྒྱལ་བཙུན་རྣམ་༢ ཀྱིས་ ཇ་པཱན་ལུ་ གཟིགས་སྐོར་གནང་པའི་ཁར་ བློན་ཆེན་མཆོག་གིས་ཡང་ གཟིགས་སྐོར་གནང་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེའི་ གནས་ཚུལ་མགྲིན་ཚབ་ དམ་ཆོས་རིག་འཛིན་གྱིས་འབད་བ་ཅིན་ མི་དབང་རྒྱལ་བཙུན་རྣམ་༢ ཀྱིས་ གཟིགས་སྐོར་གནང་མི་ལུ་བརྟེན་ འབྲུག་རྒྱལ་ཁབ་ཀྱི་ མིང་གཏམ་དར་ཁྱབ་སོང་ཡོདཔ་མ་ཚད་ དེ་གི་ཤུལ་ལས་ ཚོགས་སྡེ་གིས་ ཇ་པཱན་ལུ་ ཚོང་འབྲེལ་གོང་འཕེལ་གྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་ གྲུབ་འབྲས་ཅིག་ ཨིན་མས་ཟེར་ཨིན་པས།
ན་ཧིང་གི་ལོ་ནང་འབད་བ་ཅིན་ འབྲུག་ལུ་ ཇ་པཱན་ལས་ ལྟ་བཤལཔ་༣,༩༤༣ ལྷོད་མི་དང་ཕྱདཔ་ད་ ཨེ་མི་རི་ཀ་ལས་ ལྟ་བཤལཔ་༦,༢༢༦ ལྷོད་ཡོདཔ་ཨིན་པས།
ཨེ་ཏོག་མེ་ཏོག་ལྟ་བཤལ་དང་ལ་བཤལ་གྱི་མདོ་ཆེན་ སངས་རྒྱས་དབང་ཕྱུག་གིས་ སླབ་མིའི་ནང་ དུས་ཅི་ ཇ་པཱན་ལས་ འབྲུག་ལུ་ ལྟ་བཤལཔ་འོང་མིའི་ གྱངས་ཁ་དེ་ བརྒྱ་ཆ་༢༠༠ གིས་ ཡར་སེང་འགྱོ་བའི་ རེ་བ་བསྐྱེད་དོ་ཟེར་ཨིནམ་ད་ ཁོ་གིས་ ན་ཧིང་ ཇ་པཱན་ལས་ ལྟ་བཤལཔ་༡༠༠ དེ་ཅིག་མ་གཏོགས་ ཐོབ་མ་ཚུགས་རུང་ དུས་ཅི་ ད་ཚུན་གྱི་རིང་ ལྟ་བཤལཔ་༣༠༠ ལྷགཔ་ཅིག་ ཐོབ་སྟེ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ན་ཧིང་ རྒྱ་ནག་ལས་ ལྟ་བཤལཔ་༢,༨༩༦ ལྷོད་མི་དེ་ ཡུ་ཀེ་དང་ ཇར་མ་ནི་རྒྱལ་ཁབ་ཚུ་དང་ཕྱདཔ་ད་ མཐོ་ནི་དེ་གིས་ ལྟ་བཤལ་པའི་གྱངས་ཁ་ མཐོ་ཤོས་ཨང་༣ པ་ ཐོན་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༧ པ་ཚུན་ རྒྱ་ནག་ལས་ ལྟ་བཤལཔ་༡,༨༤༧ ལྷོད་ཡོདཔ་ད་ ཐའི་ལེནཌི་ལས་ ལྟ་བཤལཔ་༡,༨༢༥ དེ་གི་འོག་ལས་ར་ ཡུ་ཀེ་དང་ ཇར་མ་ནི་ ཕ་རཱནསི་ སིངྒ་པོར་ དེ་ལས་ ཏའི་ཝཱན་རྒྱལ་ཁབ་ཚུ་ལས་ ལྷོད་ཡོདཔ་ཨིན་པས།
དེ་ལས་ ཨེ་ཤི་ཡའི་རྒྱལ་ཁབ་ཚུ་ལས་ མང་ཤོས་ཅིག་གིས་ ཁོང་རའི་རྒྱལ་ཁབ་ནང་ ཚ་དྲོད་ཆེ་ནི་དེ་གིས་ གནམ་བྱཱར་གྱི་དུས་ཚོད་ལུ་  འབྲུག་ལུ་འོང་དོ་ཡོདཔ་ད་ འདས་པའི་ལོ་ཚུ་ནང་ལས་ ཨེ་ཤི་ཡའི་རྒྱལ་ཁབ་ཚུ་ལས་ ལྟ་བཤལ་པའི་གྱངས་ཁ་ ཡར་སེང་ཐོག་འོང་མི་དེ་ བརྡ་མཚོན་ལེགས་ཤོམ་ཅིག་ ཨིན་མས་ཟེར་ ལྟ་བཤལ་འགོ་འདྲེན་པ་ཅིག་གིས་ སླབ་ཅི།
རྒྱལ་ཁབ་ནང་ གནམ་སེར་ཁ་དང་ སོ་ཁའི་དུས་ཚོད་ལུ་ ལྟ་བཤལ་པའི་ གྱངས་ཁ་ཚུ་ ཡར་སེང་འགྱོ་དོ་ཡོདཔ་ད་ གནམ་བྱཱར་དང་ དགུན་གྱི་དུས་ཚོད་ལུ་ ཉིན་བསྟར་ཁྲལ་ཚུ་ ཡུ་ཨེསི་ཌོ་ལར་༢༠༠ ལུ་ མར་ཕབ་རྐྱབ་སྟེ་ཡོདཔ་ཨིན་རུང་ ལྟ་བཤལ་པའི་གྱངས་ཁ་ཚུ་ མར་འབབ་འགྱོ་དོ་ཡོདཔ་ཨིན་པས།
དེ་དང་གཅིག་ཁར་ ན་ཧིང་ རྒྱ་གར་དང་ བང་ལ་དེཤི་ དེ་ལས་ མཱལ་དིབསི་རྒྱལ་ཁབ་ཚུ་ནང་ལས་ ལྟ་བཤལཔ་༥༣,༢༢༣ འོང་ཡོདཔ་ད་ དུས་ཅི་ སྤྱི་ཟླ་༧ པ་ཚུན་གྱི་རིང་ ལྟ་བཤལཔ་༣༢,༦༦༢ འོང་ཡོདཔ་ཨིན་རུང་ ལུང་ཕྱོགས་ཀྱི་ ལྟ་བཤལཔ་ཚུ་གི་དོན་ལུ་ ཉིན་བསྟར་ཁྲལ་ཚུ་ མ་ཕོག་པའི་ཁར་ བསྐྱོད་ཐམ་ཡང་ མ་དགོཔ་ཨིན་པས།
གནམ་གྲུ་ནང་འོང་མི་ ལུང་ཕྱོགས་ཀྱི་ ལྟ་བཤལཔ་ཚུ་གིས་ གནམ་གྲུ་བརྒྱུད་དེ་ ལྟ་བཤལ་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ད་ གནམ་གྲུ་ནང་ འཕུར་འགྲུལ་འབད་དེ་འོང་མི་ ལྟ་བཤལ་པའི་གྱངས་ཁ་ཡང་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༧ པ་ཚུན་ ལུང་ཕྱོགས་ཀྱི་ ལྟ་བཤལཔ་༣༢,༦༦༢ འོང་ས་ལས་ མང་ཤོས་ར་ གནམ་གྲུ་ནང་ འོང་ཡོདཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེ་གིས་ དུས་ཅི་ རྒྱལ་ཁབ་ནང་ འོང་འབབ་ཆེ་བའི་ ལྟ་བཤལཔ་༡༠༠,༠༠༠ འཐོབ་ཚུགས་ནི་ལུ་ དམིགས་གཏད་བསྐྱེད་དོ་ཡོད་མི་དང་ཕྱདཔ་ད་ དུས་ཅི་ སྤྱི་ཟླ་༧ པ་ཚུན་གྱི་རིང་ ལྟ་བཤལཔ་༢༥,༧༩༩ མ་གཏོགས་ མ་ལྷོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment