གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཇ་པཱན་གྱི་ དགེ་སློང་༨༢ ཀྱིས་ བློན་ཆེན་མཆོག་དང་མཇལ་ཕྲད།

༢༣/༨/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ ལྷན་འཛོམས་ལྟེ་བ་ལུ་སྦེ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རྒྱལ་ཁབ་ནང་ ལྟ་སྐོར་དོན་ལུ་ལྷོད་མི་ ཇ་པཱན་གྱི་ དགེ་སློང་༨༢ དང་ མཇལ་ཕྲད་གནང་ཡི།
དགེ་སློང་ཚུ་གིས་ འབྲུག་ལུ་ ལྟ་སྐོར་འབད་མི་དེ་ཡང་ སྤྱི་ལོ་༢༠༡༡ གི་ གནམ་སོ་ཁ་ལུ་ ཁོང་གི་རྒྱལ་ཁབ་ནང་ རྐྱེན་ངན་སྣ་ཚོགས་བྱུང་བའི་སྐབས་ལུ་ འབྲུག་གིས་ ཇ་པཱན་གྱི་ མི་སེར་ཚུ་ལུ་ ལེགས་སྨོན་དང་ བྱམས་བརྩེ་བསྐྱེད་མི་དེ་ལུ་ ད་རེས་ ཇ་པཱན་གྱི་ མི་སེར་ཚུ་གི་ཁ་ཐུག་ལས་སྦེ་ འབྲུག་གི་མི་སེར་ཚུ་ལུ་ ངལ་རངས་ཡོད་ལུགས་ཚུ་ ཞུ་ནིའི་དོན་ལུ་ཨིན་པས།

བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ འབྲུག་ལུ་ ལྟ་སྐོར་དོན་ལུ་ལྷོད་མི་ ཇ་པཱན་གྱི་ ནང་པའི་དགེ་སློང་ཚུ།


དེ་ཡང་ ཇ་པཱན་ལུ་ ཛེན་ཆོས་ལུགས་ཀྱི་ སློབ་གྲྭ་ངོ་མ་༢ ཡོད་མི་ལས་ ཡོངས་གྲགས་ཅན་གྱི་ སོ་ཏོ་-ཤུ་གི་གཙོ་འཛིན་ མཁས་དབང་ཡོ་ཤིའོ་ཀ་ མུ་ནི་ནོ་རི་མཆོག་གིས་ འགོ་ཁྲིད་འབད་མི་ འཐུས་མི་སྡེ་ཚན་དེ་གིས་ འབྲུག་ལུ་ ཉིན་གྲངས་༥ འི་རིང་ ལྟ་སྐོར་འབད་ནི་ཨིན་པས།
བློན་ཆེན་མཆོག་གིས་ འབྲུག་གཞུང་དང་ མི་སེར་གྱི་ཁ་ཐུག་ལས་ འཐུས་མི་སྡེ་ཚན་དེ་ལུ་ བྱོན་ལེགས་ཀྱི་ གསུང་བཤད་གནང་པའི་སྐབས་ འདས་པའི་ལོ་ནང་ ཇ་པཱན་ལུ་ ས་ཡོམ་དང་ རྒྱ་མཚོའི་རྦ་རླབས་ དེ་ལས་ རྡུལ་ཕྲན་ནུས་ཤུགས་འཕྲུལ་ཁང་ཚུ་གིས་ གནོད་སྐྱོན་རྐྱབ་པའི་སྐབས་ འཁྲུལ་སྣང་བྱུང་རུང་ ཇ་པཱན་གྱི་ མི་ཚུ་གིས་ སྒྲིགས་མཐུན་ཐོག་ གཅིག་གིས་གཅིག་ལུ་ ཁོང་རའི་ ལམ་སྲོལ་དང་ སེམས་ཤུགས་ དེ་ལས་ བྱམས་བརྩེའི་སྒོ་ལས་ ཆ་རོགས་དང་ རྒྱབ་སྐྱོར་འབད་སར་ འཛམ་གླིང་རྒྱལ་ཁབ་ཀུན་གྱིས་ མཐོང་གསལ་བྱུངམ་ད་ ལྷག་པར་དུ་ ངལ་རངས་བྱུང་ཡི་ཟེར་ གསུངས་ཡི།
བློན་ཆེན་མཆོག་གིས་ འདས་པའི་ལོ་ཚུ་གི་རིང་ འབྲུག་གི་ མི་སེར་ཚུ་གིས་ ཇ་པཱན་གྱི་ མི་སེར་ཚུ་ལུ་ ངལ་རངས་སྦོམ་ཡོད་ཟེར་ གསུངས་པའི་ཁར་ ན་ཧིང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་༢ ཀྱིས་ ཇ་པཱན་ལུ་ གཟིགས་སྐོར་གནང་མི་ལུ་བརྟེན་ རྒྱལ་ཁབ་༢ ཀྱི་ མི་སེར་ཚུ་གི་བར་ན་ སྔར་བ་ལྷག་པའི་ མཐུན་ལམ་དམ་ཟབ་དང་ རྩ་བརྟན་བཟོ་ཚུགས་ཡི་ཟེར་ཨིན་པས།
གཙོ་འཛིན་ ཡོ་ཤིའོ་ཀ་ མུ་ནི་ནོ་རི་མཆོག་གིས་ འཐུས་མི་སྡེ་ཚན་གྱི་གྲངས་སུ་ ཇ་པཱན་མཐའ་དབུས་མེད་པའི་ ནང་པའི་དགེ་སློང་ཚུ་ཡོད་ཟེར་ བཤདཔ་མ་ཚད་ ཇ་པཱན་ལུ་ ད་རེས་ནངས་པ་ རྒྱང་མཐོང་ཊི་བི་གི་ ལས་རིམ་མང་ཤོས་ཅིག་དང་ གནས་ཚུལ་གསར་ཤོག་ དེ་ལས་ དུས་དེབ་ཀྱི་ སྙན་ཞུ་ཚུ་ནང་ ཇ་པཱན་གྱི་ མི་ཚུ་གིས་ འབྲུག་ལས་ ལྷབ་དགོ་པའི་སྐོར་ལས་ བྲིས་བཀོད་འབད་དེ་འདུག་ཟེར་ཨིན་པས།
མ་གཞི་ ཇ་པཱན་ལུ་ དཔལ་འབྱོར་དང་ རྒྱུ་དངོས་ཀྱི་དཔལ་ཡོན་ཚུ་ ཡོད་དེ་འབད་རུང་ ཆོས་ཕྱོགས་ཀྱི་ཁ་ཐུག་ལས་ དཔེ་འབད་བ་ཅིན་ ཧོད་སྟོངམ་བཟུམ་ཅིག་ཨིན་པ་ལུ་བརྟེན་ འབྲུག་དང་གཅིག་ཁར་ ཡར་དྲག་གཏང་དགོཔ་ཡོད་ཟེར་ ཁོ་གིས་ བཤདཔ་ཨིན་པས།
གཙོ་འཛིན་ ཡོ་ཤིའོ་ཀ་ མུ་ནི་ནོ་རི་མཆོག་གིས་ གསལ་བཤད་འབད་མི་དང་འཁྲིལཝ་ད་ ཁོང་ཆ་ཁྱབ་ཀྱིས་ འབྲུག་ལས་ ཡོན་ཏན་དང་ ཉམས་མྱོང་ཐོབ་མི་ཚུ་ ཆ་མཉམ་ར་ ཇ་པཱན་ལུ་ འབག་འགྱོ་ནི་ཨིན་པའི་ཁར་ རྒྱལ་གཞུང་གིས་ བསུ་ལེན་ལེགས་ཤོམ་འབད་མི་དེ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
ཕུ་ཀུ་ཤི་མ་ པི་རི་ཕེཀ་ཅར་ མངའ་སྡེའི་སྤྱི་ཁྱབ་ཀྱིས་ ངལ་རངས་ཡི་གུ་ཅིག་ བསྐྱལ་བཏང་མི་དེ་ འཐུས་མི་ཚུའི་གྲས་ལས་ དགེ་སློང་གོངམ་ཅིག་གིས་ བློན་ཆེན་མཆོག་ལུ་ ལྷག་སྟེ་ཕུལ་ཡི།
འཐུས་མི་སྡེ་ཚན་གྱིས་ ནང་སྲིད་དང་སྲོལ་འཛིན་བློན་པོ་ མི་འགྱུར་རྡོ་རྗེ་དང་གཅིག་ཁར་ མཇལ་འཕྲད་ཞུ་ཞིནམ་ལས་ རྒྱལ་ཁབ་ནང་ ཆོས་ཕྱོགས་དང་ རྒྱལ་རབས་ཅན་གྱི་ ས་ཁོངས་ཚུ་ནང་ ལྟ་སྐོར་འབད་ནི་ཨིནམ་ད་ སྤྱི་ཟླ་༨ པའི་ཚེས་༢༥ ལུ་ འབྲུག་ལས་ ལོག་འགྱོ་ནི་ཨིན་པའི་གནས་ཚུལ།

རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment