གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀང་ལུང་བཤད་གྲྭ་ནང་ དབྱར་གནས་འཚོགས་དོ་ཡོདཔ།

བཀང་ལུང་བཤད་གྲྭའི་དགེ་སློང་ཚུ་ དབྱར་གནས་འཚོགས་པའི་བསྒང་།
 ༢༨/༠༨/༢༠༡༢། ༉ རང་ཟླ་༦ པའི་ཚེས་༡༥ ལས་ འགོ་བཙུགས་ཏེ་ ཉིན་གྲངས་༤༥ འི་རིང་ བཀང་ལུང་ཟངས་མདོག་དཔལ་རི་ ཐུབ་བསྟན་ཆོས་འཁོར་གླིང་བཤད་གྲྭའི་ནང་ ལོ་བསྟར་གྱི་ དབྱར་གནས་ཐེངས་༢ པ་དང་ མ་ནི་དུང་སྒྲུབ་འཚོགས་གནང་པའི་བསྒང་ ཡོདཔ་ཨིན་པས།
དབྱར་གནས་དེ་ཡང་ བཤད་གྲྭའི་དབུ་འཛིན་ ཀརྨ་རང་གྲོལ་གྱིས་ དབུ་བཞུགས་ཐོག་ལས་ དགེ་སློང་དང་ དགེ་ཚུལ་ཞལ་གྲངས་༢༠༠ དེ་ཅིག་གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།

བཤད་གྲྭའི་སློབ་དཔོན་ ཡེ་ཤེས་ཀྱིས་འབད་བ་ཅིན་ ལོ་བསྟར་གྱི་ དབྱར་གནས་སྲུང་པའི་སྐབས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ སློབ་དཔོན་དང་ སློབ་ཕྲུག་ཚུ་གིས་ བཅའ་མར་གཏོགས་དོ་ཡོདཔ་མ་ཚད་ ཤར་ཕྱོགས་རྫོང་ཁག་༦ ལས་ དད་ཅན་མང་རབས་ཅིག་གིས་ གསོལ་ཇ་དང་ དགུང་ཚིགས་ཚུ་ དྲང་པར་འོངམ་མས་ཟེར་ཨིན་པས།
སློབ་དཔོན་ཡེས་ཤེས་ཀྱིས་ བཤད་མིའི་ནང་ དབྱར་གནས་ཀྱི་སྐབས་ལུ་ དགེ་སློང་ཚུ་གིས་ གཙོ་བོ་ར་ དམ་ཆོས་འདུལ་བའི་ བསླབ་གཞི་བཅུ་བདུན་ལས་ སྟོན་པའི་དབྱར་གནས་ཀྱི་ཆོ་ག་དང་ དྲོ་པ་ སོ་ཐར་གྱི་སྡོམ་པ་ དེ་ལས་ ཉིན་མ་ བྱང་སེམས་ཀྱི་སྡོམ་པ་དང་ ཕྱི་རུ་ གསང་སྔགས་ཀྱི་སྡོམ་པ་ཚུ་ བླངམ་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་ལུ་བརྟེན་ སྤྱིར་སེམས་ཅན་ཐམས་ཅད་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་ཀྱི་ཞི་བདེ་ དེ་ལས་ རྒྱལ་བློན་འབངས་༣ སྐུ་ཚེ་ཞབས་པད་བརྟན་ཐབས་དང་ འབྱུང་བ་བཞིའི་ རྐྱེན་ངན་ཚུ་ བཟློག་ཐབས་ལུ་དམིགས་ཏེ་ མ་ཎི་དུང་སྒྲུབ་དང་ གུ་རུ་རིན་པོ་ཆེའི་ ཚིག་བདུན་གསོལ་འདེབས་འབུམ་ དགེ་བསྙེན་གསོལ་ཁ་འབུམ་དང་ གཞན་ཡང་ བཟློག་པ་ཚེ་སྒྲུབ་དང སྒྲོལ་མ་འབུམ་ དེ་ལས་ གཤིན་པོའི་དོན་ལུ་ སྨོན་ལམ་ཚུ་ གནང་དོ་ཟེར་ཨིན་པས།
སྤྱིར་བཏང་དབྱར་གནས་ཟེར་མི་དེ་ གནམ་བྱཱར་གྱི་དུས་ཚོད་ལུ་ དགེ་སློང་ཚུ་ ཕར་ཚུར་མ་བྱོན་པར་ ཕྱོགས་བཞི་མཚམས་བཞི་བཅད་པའི་ ས་ཁོངས་ནང་ བཞུགས་མི་དེ་ལུ་ སླབ་ཨིན་པས།
སློབ་དཔོན་ཡེ་ཤེས་ཀྱིས་ སླབ་མིའི་ནང་ ཧེ་མ་ བདག་ཅག་གི་སྟོན་པ་ གྲོང་ཁྱེར་མཉན་ཡོད་ནང་ བཞུགས་པའི་སྐབས་ལུ་ དགེ་སློང་ཚུ་ འཚོ་བ་བསོད་སྙོམས་ལུ་བྱོནམ་ད་  མུ་སྟེགས་པ་ཚུ་གིས་ ཤཱཀྱ་ཐུབ་པའི་ཉན་ཐོས་དེ་ཚུ་ གནམ་བྱཱར་ འབུབ་གྱོག་མོ་ཐོན་པའི་ དུས་ཚོད་ལུ་ཡང་ ཙང་ཙ་སྡོད་ནི་མིན་འདུག་ཟེར་བའི་ འཕྱར་ཁ་བཏངམ་ལས་ ཕྱི་ལྟར་དུ་ འཕྱར་ཁ་བཟློག་ཐབས་དང་ ནང་ལྟར་དུ་ དགེ་སློང་ཚུ་ བསླབ་པ་ཐོས་བསམ་དང་ སྤང་བ་བསམ་གཏན་གྱི་བྱ་བ་ལུ་ བརྩོན་ནིའི་གོ་སྐབས་ཅིག་ ཨིན་ཟེར་ཨིན་པས།
དེ་མ་ཚད་ དུས་ཚོད་དེ་གི་སྐབས་ལུ་ བསྟན་པའི་སྦྱིན་བདག་ཚུ་གིས་ཡང་ དགེ་འདུནམ་ཚུ་ལུ་ ཞབས་ཏོག་བསྙེན་བཀུར་ཕུལ་ཏེ་ བསོད་ནམས་བསགས་པའི་ དུས་ཚོད་བཟང་པོ་ཅིག་ཨིནམ་ད་ དབྱར་གནས་བསྲུང་ནི་དེ་ ལོ་ངོ་༣,༠༠༠ དེ་ཅིག་གི་ ཧེ་མ་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ནང་པའི་ཆོས་ཀྱི་ ལམ་སྲོལ་ཚུ་གི་གྲལ་ལས་ སྙིང་ཤོས་ཅིག་དང་ བྱིན་རླབས་ཆེ་ཤོས་ཅིག་ཨིན་ཟེར་ ཁོ་གིས་ བཤད་ཅི།
དེ་དང་འཁྲིལ་ ང་བཅས་རའི་ རྒྱལ་ཁབ་ནང་ཡང་ ཧེ་མ་ ཞབས་དྲུང་རིན་པོ་ཆེ་དང་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཚུ་ བཞུགས་པའི་སྐབས་ལས་ར་ གཞུང་གྲྭ་ཚང་གི་ གནམ་བྱཱར་གྱི་བཞུགས་གནས་ བཀྲིས་ཆོས་རྫོང་ནང་སྦེ་ དབྱར་གནས་འཚོགས་ནིའི་སྲོལ་ འགོ་བཙུགས་གནང་པའི་ཤུལ་ལུ་ འགྲོས་ཀྱིས་འབད་ ཐིམ་ཕུ་རྟ་མགོ་ཆོས་དབྱིངས་ཕོ་བྲང་དང་ ལྕགས་རི་རྡོ་རྗེ་གདན་ལ་སོགས་པའི་ ཆོས་སྡེ་ཁག་ཚུ་ནང་ཡང་ དར་ཁྱབ་སོང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ན་ཧིང་གི་ལོ་ལས་ བསྟན་པའི་སྦྱིན་བདག་དག་པ་ཅིག་གིས་ འགོ་འདྲེན་ཐོག་ལས་ བཀང་ལུང་བཤད་གྲྭའི་ དབྱར་གནས་དེ་ཡང་ འགོ་བཙུགས་གནང་ཡི་ཟེར་ བཤད་གྲྭའི་སློབ་དཔོན་ཚུ་གིས་ སླབ་ཨིན་པས།
ད་རེས་ནངས་པ་ བཀང་ལུང་བཤད་གྲྭ་ནང་ དབུ་འཛིན་གོང་འོག་༢ དང་ སློབ་དཔོན་༨ དེ་ལས་ དགེ་སློང་ཞལ་གྲངས་༢༠༠ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment