གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡང་འཕེལ་གྱི་ མདའ་རྩེདཔ་དྲག་ཤོས་ བཙག་འཐུའི་ལམ་ལུགས་ བསྒྱུར་བཅོས་འབད་ཡོདཔ།

༣༠/༨/༢༠༡༢    ༉ དུས་ཅི་ལས་འགོ་བཙུགས་ཏེ་ གཡང་འཕེལ་གྱི་ མདའ་རྩེད་འགྲན་བསྡུར་ནང་ལས་ མདའ་རྩེདཔ་དྲག་ཤོས་ བཙག་འཐུ་འབད་ནིའི་ ལམ་ལུགས་དེ་ བསྒྱུར་བཅོས་འབད་ཡོད་མི་དེ་ཡང་ ལམ་ལུགས་དེ་ནང་ དཀའ་ངལ་ཡོད་མི་ཚུ་ བསལ་ཐབས་ལུ་དམིགས་ཏེ་ཨིན་པས།
ཐིམ་ཕུ་ལྕང་གླིང་གི་ མདའ་རྩེད་ཐང་ནང་ སྤྲོ་སྣང་ཅན་གྱི་ཐོག་ལས་ ལྟདམོ་ལྟ་བའི་བསྒང་།


གཡང་འཕེལ་མདའ་རྩེད་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཚེ་དབང་རིན་ཆེན་གྱིས་ སླབ་མི་དང་འཁྲིལཝ་ད་ ད་རེས་ཀྱི་ ལམ་ལུགས་ནང་ མདའ་ཚ་དྲག་འབད་མི་ཚུ་གིས་ མདའ་རྩེདཔ་དྲག་ཤོས་ཀྱི་གྲས་ཁར་ མི་འཛུལ་ནིའི་དོན་ལུ་ ལིག་སྐོར་ཐེངས་༣༠ ཚུན་ བཀག་རེག་ལེ་ཤ་རྐྱབ་རུང་ སྐོར་ཐེངས་༤༥ པའི་ནང་ལས་ ནོག་ཨའུཊ་སྐོར་ཐེངས་ནང་ ལྷོད་ཚུགས་ནི་བཟུམ་ཅིག་གི་ཚོད་དཔག་ཡོད་པའི་བསྒང་ལས་ མདའ་ཚུ་འབའ་གི་ ཟུར་ཁ་ལས་ཕར་ རྐྱབ་སྡོདཔ་མས་ཟེར་ཨིན་པས།
དེ་ཡང་ མདའ་རྩེདཔ་དྲག་ཤོས་བཙག་འཐུའི་དོན་ལུ་ ལིག་སྐོར་ཐེངས་ནང་ཕོག་མི་ བཀག་རེག་ཚུ་རྐྱངམ་གཅིག་ རྩིས་དོ་ཡོད་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་བཤད་ཅི།
ཨིན་རུང་ ལིག་སྐོར་ཐེངས་དེ་ མཇུག་བསྡུ་སྟེ་ ནོག་ཨའུཊི་སྐོར་ཐེངས་ནང་ལྷོདཔ་ད་ བཀག་རེག་ གཅིག་ཤུལ་གཉིས་སྦེ་རྐྱབ་སྟེ་ རྩ་འགེངས་དོ་ཡོདཔ་ལས་ ལམ་ལུགས་གསརཔ་དེ་ནང་ ལིག་སྐོར་ཐེངས་ལས་ མཐའ་བཅད་འགྲན་བསྡུར་ཚུན་ལུ་ བཀག་རེག་ག་དེམ་ཅིག་ཕོག་ཡོདཔ་ཨིན་ན་ ཡོངས་བསྡོམས་བཏོན་ཏེ་ མདའ་རྩེདཔ་དྲག་ཤོས་ཚུ་ དེ་ནང་ལས་ བཙག་འཐུ་འབད་ནི་ཨིན་ཟེར་ཚེ་དབང་རིན་ཆེན་གྱིས་ སླབ་ཅི།
ཚེ་དབང་རིན་ཆེན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ མདའ་རྩེདཔ་ཚུ་ མདའ་རྩེདཔ་དྲག་ཤོས་ཀྱི་ ཐོ་ནང་ཚུད་ནི་ལས་ ཟུར་སྡོད་མི་དེ་ཡང་ ཤུལ་མའི་འགྲན་བསྡུར་གྱི་སྐབས་ལུ་ སྡེ་ཚན་ཁ་འབྱལ་འགྱོ་མ་དགོ་པར་ སྡེ་ཚན་ཅིག་ནང་ར་ རྩེ་ནིའི་ཐབས་ཤེས་ལུ་ དམིགས་ཏེ་ཨིན་ཟེར་སླབ་ཨིན་པས།
མདའ་རྩེདཔ་ཚུ་ མདའ་རྩེདཔ་དྲག་ཤོས་ཀྱི་ ཐོ་ནང་ཚུད་པ་ཅིན་ སྡེ་ཚན་རེ་ནང་ མདའ་རྩེདཔ་དྲག་ཤོས་༡ ལས་བརྒལ་ བཅའ་མར་གཏོགས་མི་ཆོག་ནི་དང་ གཞན་མི་ཚུ་གིས་ རང་སོའི་ སྡེ་ཚན་གསརཔ་ཚུ་ བཟོ་དགོཔ་ཨིན་པས།
དུས་ཅིའི་གྲན་བསྡུར་ནང་ལས་ མདའ་རྩེདཔ་དྲག་ཤོས་ནང་ཚུད་མི་༡༣༣ ལས་ ད་རུང་ དྲག་ཤོས་བཏོན་ནིའི་འགྲན་བསྡུར་གྱི་དོན་ལུ་ མདའ་རྩེདཔ་༥༠ གིས་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ འགྲན་བསྡུར་དེ་ཡང་ སྤྱི་ཟླ་༨ པའི་ཚེས་༡༨ ལུ་ འགོ་འདྲེན་འཐབ་པའི་སྐབས་ ཊི་ཨེན་སི་ཨེལ་སྡེ་ཚན་ལས་ སྲིད་རྒྱལ་ཕུརཔ་གིས་ ཨང་དང་པ་ཐོན་ཡོདཔ་ད་ བཛྲ་ཊཱ་བཱལ་ལས་ བསོད་ནམས་ཀྱིས་ ཨང་༢ པ་ དེ་ལས་ བུ་ལུ་པ་པི་སྡེ་ཚན་ལས་ འཇིགས་མེད་ནོར་བུ་གིས་༣ པ་ཐོན་ཡོདཔ་ལས་ གསོལ་རས་དངུལ་ཀྲམ་༡༥,༠༠༠ དང་༡༠,༠༠༠ དེ་ལས་༥༠༠༠ རེ་ ཐོབ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༤ ལས་འགོ་བཙུགས་མི་ ལམ་ལུགས་དེ་དང་འཁྲིལ་ ལོ་དེ་ནང་ མདའ་རྩེདཔ་དྲག་ཤོས་༥༠ དང་ སྤྱི་ལོ་༢༠༠༥ ལུ་ ༥༣ སྤྱི་ལོ་༢༠༠༦ ལུ་༨༤ དེ་ལས་ སྤྱི་ལོ་༢༠༠༧ ལུ་༧༨ ཐོ་བཀོད་འབད་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༠༨ ལུ་༨༥ དང་ སྤྱི་ལོ་༢༠༠༩ ལུ་༡༡༠ སྤྱི་ལོ་༢༠༡༠ ལུ་༡༠༨ སྤྱི་ལོ་༢༠༡༡ ལུ་༡༢༠ དེ་ལས་ དུས་ཅི་༡༣༣ བཏོན་ཡོད་མི་དེ་ འདས་པའི་ལོ་ཚུ་ནང་ མཐོ་ཤོས་ཅིག་ཨིན་ཟེར་ ཚེ་དབང་རིན་ཆེན་གྱིས་ སླབ་ཅི།
དུས་ཅི་གི་ གཡང་འཕེལ་ མདའ་རྩེད་འགྲན་བསྡུར་ནང་ སྡེ་ཚན་༢༦༠ གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ སྡེ་ཚན་རེ་ལས་ འཛུལ་འཐུས་དངུལ་ཀྲམ་༩,༠༠༠ རེ་ལེན་ཏེ་ ཡོངས་བསྡོམས་དངུལ་ཀྲམ་༢༣,༤༠,༠༠༠ ཐོབ་ཡོདཔ་ཨིན་རུང་ བརྒྱ་ཆ་༥༠  ས་གནས་ཁག་གི་ ལིག་སྐོར་ཐེངས་འགོ་འདྲེན་པ་ཚུ་ལུ་ སྤྲོད་ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན ལོ་བསྟར་བཞིན་དུ་ མདའ་རྩེདཔ་དྲག་ཤོས་ཀྱི་གསོལ་རས་དེ་ཡང་ གཟིམ་སྒྲ་དང་ གཞུང་གི་ལས་སྡེ་ཁག་ཚུ་གིས་ རྒྱབ་སྐྱོར་ཐོག་ལས་ སྣུམ་འཁོར་ ཨེ་ཨིསི་ཊཱར་ བྱིན་དོ་ཡོདཔ་ཨིན་རུང་ དུས་ཅི་ལས་ རྒྱབ་སྐྱོར་ཚུ་ ཐོབ་མ་ཚུགས་ནི་དེ་གིས་ སྣུམ་འཁོར་གྱི་གསོལ་རས་ མེད་ཟེར་ཨིན་པས།
དུས་ཅི་ལོའི་ མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༩ པའི་ཚེས་༢ ལུ་ འགོ་འདྲེན་འཐབ་ནི་ཨིནམ་ད་ དེ་ཁར་ མི་མང་ལུ་ སྤྲོ་བ་འབྱུང་ནིའི་དོན་ལུ་ ཁུ་རུའི་ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ནི་ཨིན་པས།
སྤྱི་ལོ་༢༠༡༢ ལོའི་གཡང་འཕེལ་ མདའ་རྩེད་འགྲན་བསྡུར་ འགོ་བཙུགས་པའི་ཉིནམ་ལས་ཚུར་ མཐའ་བཅད་འགྲན་བསྡུར་འོག་མ་ཚུན་ སྤྲོ་བ་བསྐྱེད་དེ་ ལྟདམོ་བལྟ་བར་འོང་མི་ ཕོ་སྐྱེས་རྒན་ཤོས་༨ ལུ་ཡང་ དམིགས་བསལ་གྱི་ གསོལ་རས་ཚུ་ བྱིན་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment