གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གདན་ཆི་གི་ སའི་ཇོ་བདག་ཚུ་ གཞུང་གི་རྒུད་འཐུས་ལུ་ སེམས་མ་དགའ་བར་ཡོདཔ།

༡༨/༨/༢༠༡༢   གཞུང་གིས་ གདན་ཆི་ཁྲོམ་གསར་གྱི་དོན་ལུ་ སྒེར་ས་ཌིསི་རེ་ལུ་ དངུལ་ཀྲམ་༩,༠༠༠ རེ་ སྤྲོད་ཡོདཔ་ཨིན་པས།

༉ པདྨ་དགའ་ཚལ་རྫོང་ཁག་གི་ ཁྲོམ་གསརཔ་ ཆགས་ནིའི་དོན་ལུ་ གཞུང་གིས་ གདན་ཆི་ལས་ སྒེར་དབང་ས་ཆ་ མཁོ་སྒྲུབ་འབད་མིའི་ རྒུད་འཐུས་སྤྲོད་མི་དེ་ ཉུང་ར་ཉུང་སོ་ཡི་ཟེར་ སའི་ཇོ་བདག་ཚུ་གིས་ སླབ་ཨིན་པས།
སའི་ཇོ་བདག་ཚུ་གིས་ ཁོང་གི་ ས་ཆ་ཚུ་ སྒེར་མི་ཚུ་ལུ་ བཙོང་ཡོད་པ་ཅིན་ གོང་ཚད་དེ་བ་མངམ་ ཐོབ་འཐོབ་འོང་ཟེར་ཨིནམ་ལས་ གཞུང་གིས་ རྒུད་འཐུས་ཡར་སེང་རྐྱབ་སྟེ་ སྤྲོད་མི་ལུ་ ཐིམ་ཕུ་བཟུམ་མའི་ ཁྲོམ་སྡེ་ཚུ་ནང་ སྡོད་མི་ཚུ་གིས་ བསམ་འཆར་འདྲི་མིན་བཀོད་མི་ཚུ་དང་ རྒྱབ་འགལ་འགྱོཝ་ཨིན་པས།


གདན་ཆི་ཁྲོམ་གསརཔ་ ཆགས་ནི་ཨིན་པའི་ས་ཁོངས།

གཞུང་གིས་ གདན་ཆི་ལུ་ ཁྲོམ་གསརཔ་ ཆགས་ནིའི་དོན་ལས་ ས་ཆ་ཡོངས་བསྡོམས་ ཨེ་ཀར་༡༡༦.༠༣ མཁོ་སྒྲུབ་འབད་མི་ལས་ ཨེ་ཀར་༧༡.༨༤ ལག་ཁྲམ་འཆང་མི་ སྒེར་མི་༢༦ གི་ས་ཆ་ཨིན་པས།
གདན་ཆི་ལུ་ཡོད་མི་ སའི་ཇོ་བདག་ཚུ་གིས་ སླབ་མིའི་ནང་ ཁོང་གི་ སྒེར་དབང་ས་ཆ་ཚུ་ ཁྲོམ་གསརཔ་ཆགས་ནིའི་དོན་ལུ་ བྱ་ཐབས་མེད་པར་སྤྲོད་དགོཔ་ ཐོན་སོ་ཡི་ཟེར་ཨིནམ་ད་ མ་གཞི་ གཞུང་གིས་ ས་ཆ་ཌིསི་རེ་ལུ་ དངུལ་ཀྲམ་༣,༩༥༢ ལས་ དངུལ་ཀྲམ་༩,༠༠༠ ལུ་ ཡར་སེང་གནང་ཡོད་རུང་ སེམས་མ་དགའ་ཟེར་ སའི་ཇོ་བདག་ཅིག་གིས་ བཤདཔ་ཨིན་པས།
དེ་འབདཝ་ད་ གཞུང་གིས་ ས་ཆ་དགོ་ཟེརཝ་ད་ ང་བཅས་ཀྱིས་ མ་ཕུལ་བར་ ཐབས་མེད་བྱུང་ཡི་ཟེར་ ཇོ་བདག་དེ་གིས་ སླབ་ཨིན་པས།
ད་རེས་ནངས་པ་ གདན་ཆི་ལུ་ ས་ཆ་ཌིསི་རེ་ལུ་ གོང་ཚད་དངུལ་ཀྲམ་༡༥,༠༠༠ ལས་༢༠,༠༠༠ གི་བར་ན་ སླབ་དོ་ཡོདཔ་ཨིན་པས།
ཨ་ལུ་༦ གི་ཨའི་ མཁའ་འགྲོ་དབང་མོ་ལུ་ གདན་ཆི་ལུ་ ས་ཆ་ཨེ་ཀར་༣ ཡོད་རུང་ གཞུང་བཞེས་བཏང་པའི་ཤུལ་ལས་ རང་དབང་ས་ཆ་མེད་ཅིག་ལུ་ གྱུར་ཡོདཔ་ད་ མོ་གིས་ རྫོང་ཁག་ཁྲིམས་འདུན་རྐྱབ་ནིའི་དོན་ལུ་ མོ་གི་ ས་ཆ་ཨེ་ཀར་༢ གཞུང་བཞེས་བཏང་མི་ལུ་ རྒུད་འཐུས་དངུལ་ཀྲམ་ས་ཡ་༠.༢༣ ཐོབ་ཡོདཔ་ཨིན་རུང་ ད་ལྟོ་ མོ་ར་ ས་ཆ་ཨེ་ཀར་༡ ལུས་མི་དེ་ནང་ སྡོད་དོ་ཡོདཔ་ལས་ དེ་ཡང་ གཞུང་བཞེས་ཀྱི་དོན་ལུ་ ས་འཇལ་ཚར་ཡོད་ནི་དེ་གིས་ རྒུད་འཐུས་ལུ་ སྒུག་སྟེ་ཡོདཔ་ཨིན་པས།
གཞུང་གིས་ འཇལ་ཚར་མི་ ས་ཆ་ཨེ་ཀར་༡ ལུས་མི་དེ་ མཁོ་སྒྲུབ་འབད་བའི་བསྒང་ལས་ ང་ལུ་ ས་ཆ་རྩ་ལས་ར་མེདཔ་ འགྱོ་ནི་རྐྱངམ་གཅིག་མེན་པར་ མགྱོགས་པ་ར་ སྡོད་ཁྱིམ་ཡང་མེད་པར་སྡོད་དགོཔ་ འཐོན་ནི་མས་ཟེར་ སྐྱེས་ལོ་༤༩ ལང་མི་ མཁའ་འགྲོ་དབང་མོ་གིས་ སླབ་ཨིན་པས།
མོ་གིས་འབད་བ་ཅིན་ མོ་ལུ་ ས་ཆའི་རྒུད་འཐུས་དངུལ་ཀྲམ་ས་ཡ་༠.༢༣ ཐོབ་མི་དེ་ཡང་ མོ་རའི་ཨ་ལུ་༦ ལུ་ བགོ་བཤའ་རྐྱབ་བྱིན་ཡི་ཟེར་ཨིན་པས།
སའི་ཇོ་བདག་གཞན་ རིག་འཛིན་གྱིས་ སླབ་མིའི་ནང་ ཁོ་གི་ཕ་ཞིང་ཨེ་ཀར་༢.༢༣ གཞུང་ལུ་ཤོརཝ་ད་ སེམས་ཕམ་སྦོམ་བྱུང་ཡོད་རུང་ ཁོང་ལུ་ འབད་ཐབས་ག་ནི་ཡང་ མ་བྱུང་ཟེར་ཨིན་པས།
གཞུང་གིས་ ང་བཅས་རའི་ ས་ཆ་ནང་ གོང་འཕེལ་གྱི་ ལས་སྣ་གསརཔ་ཅིག་གི་ འཆར་གཞི་བརྩམ་ད་ ང་བཅས་ལུ་ ས་ཆ་མེདཔ་ཡར་སོ་རུང་ ཕ་ཞིང་ཚུ་ བཞག་ནི་གི་ རང་དབང་མེད་ཟེར་ རིག་འཛིན་གྱིས་ བཤདཔ་ཨིན་པས།
གདན་ཆི་ལུ་ ཁྲོམ་གྱི་གཞི་རྟེན་ཚུ་ བཟོ་སྐྲུན་འབད་ཚར་བའི་ཤུལ་ལུ་ ས་ཁྲམ་འཆང་མི་ ཆ་མཉམ་ལུ་ ཁྲོམ་སྡེ་གསརཔ་ལས་ ཚོང་ཁང་རྐྱབ་ནིའི་དོན་ལུ་ ས་ཆ་ཌིསི་༡༦ རེ་ མཁོ་སྤྲོད་འབད་ནི་ཨིན་རུང་ ཁྲམ་འཆང་མི་རེ་གིས་ ས་ཆ་ཌིསི་རེ་ལུ་ དངུལ་ཀྲམ་༩,༨༤༥ རེ་སྦེ་ གཞུང་ལས་ ཉོ་དགོཔ་ཨིན་པས།
ཁྲོམ་སྡེ་གསརཔ་ཆགས་ནིའི་དོན་ལུ་ ས་ཆ་ཨེ་ཀར་༣.༡༡ ཤོར་སོཔ་ལས་ ད་ལྟོ་ ཁོ་ཐག་པ་ལུ་ མོ་གི་བུམོ་དང་གཅིག་ཁར་སྡོད་མི་  གདུང་འཛིན་སྒྲོལ་མ་གིས་ སླབ་མིའི་ནང་ མོ་ལུ་ ས་ཆ་མེདཔ་ཐལ་སོཔ་ལས་ མོ་རའི་ཨ་ལུ་༥ ལུ་ སྐལ་བ་བགོ་བཤའ་ག་ཅི་སྤྲོད་ནི་ཨིན་ན་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིན་པས།
ང་བཅས་ཀྱིས་ མི་མང་གི་ མཐའ་དོན་ལུ་ མནོ་བསམ་བཏང་དགོཔ་དེ་ གལ་ཆེ་ནི་ཨིན་རུང་ སྒེར་མི་ཅིག་གི་ གནས་རིམ་ནང་ལྷོདཔ་ད་ སེམས་ཕམ་སྦོམ་བྱུངམ་མས་ཟེར་ སྐྱེས་ལོ་༦༠ རེ་གྲངས་ནང་ཨིན་མི་ སའི་ཇོ་བདག་ཨམ་ཅིག་གིས་ སླབ་པའི་ཁར་ གོང་ཚད་དམའ་ཤོས་ཐོག་ལུ་ ས་ཆ་ག་གིས་ བཙོང་ནི་སྨོ་ཟེར་ བཤདཔ་ཨིན་པས།
རྫོང་ཁག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་ཚུན་གྱི་བར་ན་ རྫོང་ཁག་ཁྲིམས་འདུན་དང་ རྫོང་གསར་བཞེངས་ དེ་ལས་ གཉིས་སྦྲེལ་ལམ་དང་ ཟུར་ལམ་ཅིག་ བསལ་ནིའི་དོན་ལུ་རྐྱངམ་གཅིག་ རྒུད་འཐུས་སྤྲོད་ཡོད་མི་དེ་ཡང་ ཁྱིམ་གུང་༡༢ ལས་ ས་ཆ་ཨེ་ཀར་༡༥.༡༧ མཁོ་སྒྲུབ་འབད་མི་ལུ་ རྒུད་འཐུས་དངུལ་ཀྲམ་ས་ཡ་༢༠.༥༦༥ སྤྲོད་ཡོདཔ་ཨིན་པས།
ས་ཆ་མཁོ་སྒྲུབ་འབད་ནི་དང་ རྒུད་འཐུས་སྤྲོད་ནི་ཚུ་ གོ་རིམ་བཟོ་སྟེ་ ལག་ལེན་འཐབ་འོང་ཟེར་ རྫོང་ཁག་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
རྫོང་ཁག་འགོ་དཔོན་ཚུ་གིས་ དོགས་སེལ་འབད་མིའི་ནང་ གདན་ཆི་ལུ་ ས་ཆའི་རིན་གོང་ཡར་སེང་དེ་ གཞུང་གིས་ ཐག་བཅད་བཅདཔ་མིན་པར་ སྤྱི་ལོ་༢༠༡༠ ཟླཝ་༡༢ པའི་ནང་ ས་ཆའི་ཇོ་བདག་ཚུ་གིས་ རྫོང་ཁག་ལུ་ ཞུ་བ་ཕུལ་མི་དེ་ཡང་ རྒུད་འཐུས་དེ་ ཉུང་དྲགསཔ་ལས་ ས་ཆ་ཌིསི་རེ་ལུ་ དངུལ་ཀྲམ་༩,༠༠༠ རེ་ གནང་པ་ཅིན་ཟེར་ ཞུ་བ་ཕུལ་ཡོད་མི་དེ་ རྫོང་ཁག་གིས་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་མི་དང་འཁྲིལ་ སྤྱི་ལོ་༢༠༡༡ ཟླཝ་༢ པའི་ཚེས་༡༨ ལུ་ ཆ་འཇོག་གྲུབ་གནང་ནུག་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment