གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རང་གི་ལཱ་གཡོག་ཚུ་ ལེགས་ཤོམ་སྦེ་ གདམ་ཁ་རྐྱབ་དགོཔ་གལ་ཆེཝ།

༡༨/༨/༢༠༡༢   ལཱ་གཡོག་ལེགས་ཤོམ་ ཐོབ་སྟེ་འབད་རུང་ བརྩོན་ཤུགས་ཐོག་ལས་ ལཱ་མ་འབད་བ་ཅིན་ མི་ཚེ་མཐར་སྐྱེལ་མི་ཚུགས་ཟེར་ བློན་ཆེན་མཆོག་གིས་གསུངས་ཡི།

༉ ཁྱེད་ཆ་ཁྱབ་ཀྱིས་ གཞུང་དང་ སྒེར་སྡེ་ དེ་ལས་ ལས་འཛིན་ཚུ་གི་གྲས་ལས་ གདམ་ཁ་ག་ནང་ རྐྱབ་ནི་ཨིན་ན་ དུས་ཚོད་འ་ནེམ་ཅིག་ཁར་ མནོ་བསམ་ལེགས་ཤོམ་གཏང་སྟེ་ ཐག་གཅད་དགོཔ་ གལ་ཆེ་ཟེར་ ཁ་ཙ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གི་ གོམས་འདྲིས་སློབ་སྦྱོང་ནང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ གསུངས་ཡི།


ཨིན་རུང་ ལཱ་གཡོག་དེ་ ལེགས་ཤོམ་དང་ཟོགཔ་ ག་བཟུམ་ཅིག་ཨིན་རུང་ གཙོ་བོ་ རང་གི་བསམ་སྤྱོད་ལུ་ རག་ལས་ནི་ཨིནམ་ལས་ རང་གིས་ དད་དམ་མོས་གུས་ཀྱི་སྒོ་ལས་ ལཱ་འབད་དགོཔ་དེ་ ག་ཅི་བ་ གལ་ཆེ་ཟེར་ཨིནམ་ད་ གལ་སྲིད་ ལཱ་གཡོག་ལེགས་ཤོམ་ཅིག་ མ་ཐོབ་སྟེ་འབད་རུང་ རང་གིས་ བརྩོན་ཤུགས་བསྐྱེད་དེ་འབད་བ་ཅིན་ ཡུདཔ་ཅིག་ལས་ སྤྲོ་བ་འབྱུང་ནི་ཡོདཔ་ལས་ མཐར་འཁྱོལ་འབྱུང་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ གལ་སྲིད་ མི་ཅིག་གིས་ ལཱ་གཡོག་ལེགས་ཤོམ་ཅིག་ནང་ གོ་སྐབས་ཐོབ་སྟེ་འབད་རུང་ བརྩོན་ཤུགས་ཐོག་ལས་ ལཱ་ལེགས་ཤོམ་ མ་འབད་བ་ཅིན་ མི་ཚེ་མཐར་སྐྱེལ་མི་ཚུགས་ཟེར་ བློན་ཆེན་གྱིས་གསུངས་ཡི།
བློན་ཆེན་གྱིས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ གསལ་བཤད་གནང་དོ་བཟུམ་ འབད་བ་ཅིན་ ལཱ་གཡོག་ཅིག་ནང་ འཛུལ་ཚར་བའི་ཤུལ་ལུ་ ད་རུང་ ལཱ་གཡོག་གཞན་ཅིག་ནང་ གདམ་ཁ་རྐྱབ་ནི་མི་འོང་ཟེར་ཨིནམ་ད་ དེ་གིས་ མཐའན་མཇུག་ཁར་ ལཱ་གཡོག་བྱང་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
དེ་བསྒང་ལས་ མི་དེ་གིས་ ཕམ་ཚུ་གི་ དྲིན་ལན་འཇལ་ནི་ཕར་བཞག་ རང་གི་བསམ་དོན་ཡང་ གྲུབ་མ་ཚུགས་པར་ ལུས་འོང་ཟེར་ གསུངས་གནངམ་མ་ཚད་ ད་ལྟོ་ལས་ར་ རང་སྡོད་སའི་ ས་ཁོངས་དེ་ ག་ཏེ་ལུ་ འོས་འབབ་འདུག་ག་ ངོས་འཛིན་འབད་ནི་དེ་ ཁག་ཆེ་ཟེར་ཨིན་པས།
བློན་ཆེན་གྱིས་ གསུངས་མི་དང་འཁྲིལཝ་ད་ ཕྱིའི་རྒྱལ་ཁབ་ཚུ་ནང་ ལཱ་གཡོག་མ་ཐོབ་མི་ ན་གཞོན་གྱི་གྱངས་ཁ་དེ་ མཐོ་དྲགས་སྦེ་ ཡོདཔ་ཨིན་རུང་ འབྲུག་གི་ཐད་ཁར་ དཀའ་ངལ་དེ་ སྦོམ་ཅིག་དང་ དོ་འགྲན་ཅན་ཅིག་ མེན་ཟེར་ཨིན་པས།
དེ་དང་གཅིག་ཁར་ ད་རེས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ འཕྲལ་མགྱོགས་ར་ བཙག་འཐུ་འབད་དེ་ གཞུང་སོར་ནིའི་ དུས་ཚོད་རན་པའི་བསྒང་ ལྷོད་ནི་དེ་གིས་ དེ་བཟུམ་མའི་དུས་ཚོད་ནང་ སེམས་དཀྲོགས་མི་ ལེ་ཤ་འཐོན་ནི་ཨིནམ་ལས་ དེ་ཚུའི་དབང་ལུ་མ་ཐལ་བར་ རང་གིས་ ཐག་གཅད་དགོ་ཟེར་གསུངས་ཡི།
ད་ལྟོ་ཚུན་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་བའི་སྐབས་ མི་ལུ་ ཉེ་རིང་ཕྱེ་བའི་ལཱ་ ག་ཅི་ཡང་ མ་འབད་རུང་ ད་རེས་ཁམས་ གནས་ཚུལ་གསར་ཤོག་ཅིག་ནང་ དཀའ་ངལ་ཐོན་མི་ སློབ་གྲྭའི་དབུ་འཛིན་༢ ལས་༡ འབྲུག་ཕུན་སུམ་ཚོགས་པའི་ནང་ འབད་ནི་དེ་གིས་ གཡོག་ནང་ལས་ བཏོན་མ་གཏང་པར་ བཞག་ནུག་ཟེར་ཨིནམ་ད་ གཞན་མི་དེ་ མི་སེར་དམངས་གཙོ་ཚོགས་པའི་ནང་འབད་ནི་དེ་གིས་ བཏོན་བཏང་ཡོདཔ་སྦེ་ བཀོད་དེ་འདུག་ཟེར་ཨིནམ་ད་ དེ་བཟུམ་མའི་ གནས་ཚུལ་དེ་ གཞུང་དང་ མི་སེར་གྱི་བར་ན་ ཕུང་སློང་ནིའི་ གཞི་གནས་ཅིག་ཨིན་མས་ཟེར་ བློན་ཆེན་གྱིས་གསུངས་ཡི།
མ་གཞི་ བརྡ་བརྒྱུད་དེ་ གཞུང་དང་ མི་སེར་༢ ཆ་རའི་ བལྟ་བའི་མིག་ཏོ་དང་ ཉན་ནིའི་རྣམ་ཅོག་བཟུམ་ཅིག་ཨིནམ་ལས་ གཞུང་གིས་ ལེགས་ཤོམ་འབད་མི་དང་ འཐུས་ཤོར་མི་ དེ་ལས་ མི་སེར་གྱི་ དཀའ་ངལ་ཚུ་གི་སྐོར་ལས་ སྙན་ཞུ་འབད་དོ་ཡོདཔ་ཨིན་རུང་ རེ་ཚེ་སྐབས་ གསར་ཤོག་ལ་ལུ་ཅིག་གིས་ མ་བདེན་པའི་ བརྡ་དོན་ཚུ་བཙུགས་ཏེ་ གོ་བ་བརྡ་ལོག་སྤྲོད་མི་དེ་ཡང་ སེམས་ལས་བརྗེད་ནི་ མི་འོང་ཟེར་ཨིན་པས།
དེ་དང་གཅིག་ཁར་ བཅའ་མར་གཏོགས་མི་ཚུ་ལུ་ རྒྱལ་ཁབ་ཀྱི་ གནས་སྟངས་སྐོར་ལས་ཡང་ གསལ་བཤད་གནང་ཡོདཔ་ད་ བློན་ཆེན་གྱིས་འབད་བ་ཅིན་ རྒྱལ་ཁབ་གོང་འཕེལ་གྱི་གནས་ཚད་ བལྟ་ནིའི་ཐབས་ལམ་ཅིག་ མི་སེར་ཚུ་ བློ་སྟོབས་ཅན་ཡོད་མེད་ལུ་བལྟ་དགོཔ་ད་ འབྲུག་པའི་མི་སེར་ཚུ་ བློ་སྟོབས་ཅན་ ཙང་ཙ་ཨིན་ཟེར་གསུངས་ཡི།
དེ་སྦེ་ མི་སེར་ཚུ་ སྒྲིང་སྒྲིང་དང་ བློ་སྟོབས་ཅན་ཡོད་མི་དང་བསྟུན་ རྒྱལ་ཁབ་ནང་ བདེ་སྐྱིད་དང་ དཔལ་འབྱོར་གོང་འཕེལ་ཚུ་ ད་ལས་ཕར་ ལེགས་ཤོམ་སྦེ་ འབྱུང་ཚུགས་ཟེར་ གསུངས་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment