གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་ལུ་ ལྷངམ་རྐྱབ་མི་ཚུ་ གཞུང་གིས་ ཞིབ་དཔྱད་འབད་ནི།

༢༢/༨/༢༠༡༢   ༉ ད་རེས་ནངས་པ་ ཐིམ་ཕུ་ཁྲོམ་ཁར་ ལྷངམ་རྐྱབ་མིའི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོད་མི་དང་འཁྲིལ་ ནང་སྲིད་ལྷན་ཁག་གིས་ ལྷངམ་རྐྱབ་མི་ཚུ་ དཀའ་ངལ་ངེས་བདེན་ཡོད་མེད་ཀྱི་སྐོར་ལས་ དབྱེ་ཞིབ་འབད་ནིའི་དོན་ལུ་ ཁྲིམས་སྲུང་འགག་པ་དང་ གྲོས་བསྟུན་འབད་དོ་ཡོདཔ་ཨིན་པས།


ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་འབད་བ་ཅིན་ ཁྲོམ་ཁར་ ལྷངམ་རྐྱབ་མི་ཚུ་གི་གྲས་ལས་ ལ་ལུ་ཅིག་ གཞོནམ་འབད་རུང་ རང་གི་གཡུས་ཁར་ ལཱ་འབད་ནི་ལུ་འཚེར་ཏེ་ ལྷངམ་རྐྱབ་སྟེ་ སྡོདཔ་མས་ཟེར་ གསུངས་ཡི།
ད་ལས་ཕར་ ལྷངམ་རྐྱབ་མི་ཚུ་ བལྟ་མི་ག་ཡང་མེདཔ་ཨིནམ་ ངེས་བདེན་ཤེས་པ་ཅིན་ གཞུང་གིས་ ཐབས་ལམ་ཚུ་ བཏོན་ནི་དང་ དེ་མེན་ ལཱ་འབད་ཚུགས་མི་ གཞོནམ་ཚུ་འབད་བ་ཅིན་ གླ་ཆ་སྤྲོད་ཐོག་ལས་ རྫོང་དང་ ལྷ་ཁང་བསྐྱར་བཞེངས་འབད་ས་ལས་ཕར་ ལཱ་འབད་བར་གཏང་ནིའི་ གདམ་ཁ་བྱིན་ནི་ཨིན་ཟེར་ཨིན་པས།
བློན་པོ་མི་འགྱུར་རྡོ་རྗེ་གིས་ གསུངས་མིའི་ནང་ འབྲུག་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ རྒྱལ་ཁབ་འབད་ནི་དེ་གིས་ ཁྲོམ་ཁ་ལས་ཕར་ ལྷངམ་རྐྱབ་མི་ཚུ་ ལེ་ཤ་སྦེ་ཐོནམ་ད་ མཛེས་ཆ་མེདཔ་མ་ཚད་ དཀའ་ངལ་ངེས་བདེན་ཡོད་མི་ཚུ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྐྱིད་སྡུག་ཚུ་ གཟིགསཔ་གཟིགས་སར་ ཡོད་ཟེར་ཨིན་པས།
དེ་བཟུམ་གྱི་ ལྷང་ནིའི་ལམ་ལུགས་ཚུ་ གཅིག་ལས་འབད་བ་ཅིན་ འབྲུག་མི་ཚུ་གིས་ ལྷང་མི་ཚུ་ལུ་ སྡིག་ཆེ་སྟེ་ ཐད་ཀར་དུ་ ཏི་རུ་ཚུ་ བྱིན་སྲོལ་ཡོད་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིནམ་ད་ དེ་ལུ་བརྟེན་ མི་མང་ཤོས་ཅིག་གིས་ ཐིམ་ཕུ་ལུ་ ཚར་ཅིག་འོང་བའི་ཤུལ་ལུ་ ལྷང་ནི་དེ་ ཁོང་རའི་ ལཱ་བཟུམ་ཅིག་སྦེ་ འབད་དོ་ཡོདཔ་སྦེ་ བློན་པོ་གིས་གསུུངས་ཡི།
ཁོ་གིས་བཤད་མིའི་ནང་ དང་ཕུ་འབད་བ་ཅིན་ གངས་ཁྲོད་རི་ཁྲོད་ཚུ་ནང་ ཐུན་བཏང་སྟེ་ བཞུགས་མི་ཚུ་གིས་ གཡུས་ཁ་ལས་མར་འོང་སྟེ་ གསོལ་སྙོམས་ལྷང་ནིའི་ སྲོལ་ཡོདཔ་ཨིན་རུང་ ད་རེས་ནངས་པའི་ ལྷངམ་རྐྱབ་མི་ཚུ་གིས་ ཁོང་རའི་ གདམ་ཁ་རྐྱབ་མི་ཡང་ འདུག་ཟེར་ཨིནམ་ད་ དཔེ་འབད་བ་ཅིན་ དགོན་པ་ལུ་སྟོན་མི་ མཚམས་པ་ཨིནམ་བཟོ་སྟེ་ སྒོ་བཤལ་ཞིནམ་ལས་ ལྷངམ་རྐྱབ་མི་ ན་གཞོན་ཚུ་གིས་ ཆུམ་དང་ གཞན་མི་བཟའ་འཐུང་གི་རིགས་ཚུ་བྱིནམ་ད་ ཏི་རུ་ དགོཔ་སྦེ་ ཨུ་ཚུགས་བསྐྱེད་མི་ཡང་ ཐོནམ་མས་ཟེར་ཨིན་པས།
མ་གཞི་ གཞུང་གིས་ དེ་བཟུམ་མའི་ ལཱ་ཚུ་འབད་བའི་སྐབས་ མི་ལ་ལུ་ཅིག་གིས་ མི་དགའ་ནི་ཨིན་རུང་ མི་སྡེ་ལེགས་ཤོམ་བཟོ་ནིའི་དོན་ལུ་ ཐབས་ལམ་གཞན་མིན་འདུག་ཟེར་ཨིནམ་ད་ གལ་སྲིད་ མི་རྒན་རྒས་ཚུ་ བལྟ་མི་ག་ཡང་མེད་པ་ཅིན་ གཞུང་གིས་འབད་ར་ བདག་འཛིན་འཐབ་ནི་ཨིན་ཟེར་ བློན་པོ་གིས་གསུངས་ཡི།
སྐྱེས་ལོ་༦༠ རེ་གྲངས་ནང་འབད་མི་ ཆུ་ཁ་ལས་ ཀུན་བཟང་འཕྲིན་ལས་ཁོ་ར་ ཧེ་མ་ སྐྱེས་ལོ་༣༠ དེ་ཅིག་སྦེ་ སྡོད་པའི་སྐབས་ ལགཔ་གཡསཔ་དེ་ མེ་གིས་འཚིགས་ནི་དེ་གིས་ ད་རེས་ ཁོ་རའི་གཡུས་ཁར་ ལཱ་འབད་མ་ཚུགས་པར་ ཐིམ་ཕུ་ཁྲོམ་ཁར་ ལྷངམ་རྐྱབ་སྟེ་ བཟའ་དོ་ཡོདཔ་ཨིན་པས།
ཁོ་གི་གདོང་ཁར་ ཏི་རུ་བཞག་སའི་ ཤོག་གུའི་སྒྲོམ་ཅིག་ཡང་ བཞག་ཐོག་ལས་ ཁོ་ར་ ལག་པར་ ཕྱེངམ་བཤེད་དེ་ མ་ཎི་བགྱང་སྡོད་དོ་ཡོདཔ་ཨིན་པས།
ཁོ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ མ་གཞི་ ཁོ་རའི་གཡུས་ཁར་ མི་ཚན་ཚུ་ཡོད་རུང་ ཁོང་ར་གིས་ལཱ་འབད་དེ་ ཁོར་རའི་བུ་གཞི་ཚུ་ གསོ་དགོ་ནི་དེ་གིས་ ལཱ་ཁག་ཡོདཔ་ལས་ ཁོ་གིས་ ད་རེས་ནངས་པ་ ཉིན་མའི་དུས་ཚོད་ལུ་ ཚོད་བསྲེ་ཁྲོམ་གྱི་ ཉེ་འདབས་ལུ་ཡོད་པའི་ ཟངས་མདོག་དཔལ་རིའི་ ས་ཁོངས་ནང་ མ་ཎི་བགྱང་དོ་ཡོདཔ་ད་ ཕྱི་རུ་ཁམས་ཅིག་ལས་ ཁོ་ར་ བཞེས་སྒོ་བཟའ་ནིའི་དོན་ལུ་ ཁྲོམ་གྱི་སྦུག་ལུ་འོང་སྟེ་ ཏི་རུ་ལྷང་སྡོདཔ་ཨིན་ཟེར་ཨིན་པས།
ཁོ་གིས་ ཉིནམ་རེ་ལུ་ དངུལ་ཀྲམ་༣༠༠ དེ་རེ་ ཐོབ་དོ་ཡོདཔ་ལས་ བཟའ་ཁང་ནང་ལས་ བཞེས་སྒོ་ཉོ་བཟའ་ནི་དང་ ཚོད་བསྲེ་ཁྲོམ་ཁར་ ཁོ་ར་སྡོད་སའི་ཁྱིམ་གྱི་ ཁང་གླ་སྤྲོད་ནི་ཚུ་ ལང་ཚུགས་པས་ཟེར་ཨིན་པས།
ཀུན་བཟང་འཕྲིན་ལས་ཁོ་ར་ ལོ་༡༠ དེ་ཅིག་གི་ཧེ་མར་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་འོང་སྟེ་ ལོག་འགྱོ་ནིའི་དོན་ལུ་ ཟད་འགྲོ་མེདཔ་ལས་ ལྷངམ་རྐྱབ་ནི་ འགོ་བཙུགས་ཡོདཔ་ཨིན་རུང་ དེ་གི་ཤུལ་ལས་ ཐིམ་ཕུ་ལུ་ར་ སྡོད་ཡོདཔ་ད་ ཚར་ཅིག་ ཁྲིམས་སྲུང་འགག་པ་ཚུ་གིས་ གཡུས་ཁར་ ལོག་བསྐྱལ་ཡོད་རུང་ ད་རུང་ ལོག་འོང་དགོཔ་ཐོན་སོ་ཡི་ཟེར་ཨིན་པས།
ཕོ་སྐྱེས་དེ་ གཉེན་མ་རྐྱབ་ནི་དེ་གིས་ ཁོ་ལུ་ ཨ་ལུ་ཡང་མེདཔ་མ་ཚད་ ཁོ་རའི་གཡུས་ཁར་ སྲིངམོ་༡ ཡོདཔ་ཨིན་པས།
ཁོ་གིས་ དུས་ཡུན་མང་ཤོས་ཅིག་གི་རིང་ལུ་ བཞེས་སྒོ་ཟེར་རུང་ མོ་མོ་དང་ ཀོ་ཀ་ དེ་ལས་ མེ་གི་ཚུ་བཟའ་སྟེ་ སྡོད་དོ་ཡོདཔ་མ་གཏོགས་ ཁོ་ར་སྡོད་ས་ལུ་ ཁྱིམ་ཆུང་བའི་ཁར་ ཐབ་ཆས་ཚུ་ ག་ཅི་ཡང་མེད་ནི་དེ་གིས་ ལྟོ་འབད་བཟའ་ནི་ མེད་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་གཡུས་ གཞལམ་སྒང་ ལྡི་དགའ་ལས་ཨིན་རུང་ ད་རེས་ སྤུ་ན་ཁ་ རྟ་ལོག་ལུ་སྡོད་མི་ རྡོ་རྗེ་ཚེ་དབང་ཡང་ ཐིམ་ཕུ་ཁྲོམ་གྱི་ སྦུག་ལུ་སྡོད་དེ་ ཏི་རུ་ལྷང་དོ་ཡོདཔ་ད་ ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ ཁོ་ལུ་ ཨ་ལུ་༨ དེ་ཅིག་ཡོདཔ་ཨིན་རུང་ བལྟ་མི་བཏུབ་པས་ཟེར་ཨིན་པས།
མིག་ཤེལ་བཙུགས་པའི་ཁར་ གོ་ལ་དམརཔོ་གྱོན་མི་ དམག་མི་བགྲེསཔ་དེ་གིས་འབད་བ་ཅིན་ ད་རེས་ ཁོ་ར་རྐྱངམ་གཅིག་ལུ་ ཐུག་སྟེ་ཡོདཔ་ཨིན་རུང་ ཉིན་གྲངས་དག་པ་ཅིག་གི་རྒྱབ་ལས་ ཁོ་རའི་གཡུས་ཁར་ ལོག་འགྱོ་ནིའི་ ཟད་འགྲོ་ཚུ་ འཐོབ་པའི་བསྒང་ལས་ ཐིམ་ཕུ་ལུ་ མི་སྡོད་ཟེར་སླབ་ཅི།
ད་རེས་ནངས་པ་ ཚོད་བསྲེ་ཁྲོམ་གྱི་ཉེ་འདབས་ལུ་ ཁོ་གིས་ ངོ་ཤེས་མི་ཅིག་གི་ ཁྱིམ་གྱི་ཕྱི་ཁར་ ཉལ་སྡོད་དོ་ཟེར་ཨིན་པས།
སྐྱེས་ལོ་༦༦ འབད་མི་ སྤ་རོ་ལས་ ཨཔ་ཅིག་གིས་ཡང་ ཐིམ་ཕུ་ཁྲོམ་ཁར་ ཏི་རུ་ལྷང་སྟེ་ སྡོད་དོ་ཡོདཔ་ད་ ཁོ་ལུ་ ཀུན་གསལ་གྱིས་ དྲི་བ་ཚུ་བཀོདཔ་ད་ ཙིགཔ་ཟ་དོ་ཡོད་མི་དེ་ཡང་ གནས་ཚུལ་ལས་ཁང་ཚུ་གིས་ ཁོ་གི་སྐོར་ལས་ ཚར་ལེ་ཤ་ཅིག་ར་ གནས་ཚུལ་སྤེལ་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ གཞུང་གིས་ གྲོགས་རམ་ག་ཅི་ཡང་ གནང་ནི་མིན་འདུག་ཟེར་ སླབ་ཨིན་པས།
ཁོ་ལུ་ སྡོད་སའི་ཁྱིམ་མེདཔ་ལས་ ལུང་བསྟན་ཟམ་པ་ འགྲུལ་འཁོར་བཱསི་བཞག་སའི་ ས་ཁོངས་ནང་ སྡོད་དོ་ཡོདཔ་ད་ ཁོ་གིས་ ཉིན་མའི་དུས་ཚོད་ལུ་ ལྷངམ་རྐྱབ་སྟེ་ཐོབ་མི་ ཏི་རུ་ཚུ་ ཕྱི་རུ་ ཁོ་རའི་བུ་གིས་ ལེན་འབག་འགྱོཝ་མས་ཟེར་ཨིན་པས།
ལྷངམ་རྐྱབ་མི་ཚུ་གི་གྲངས་སུ་ དར་དཀར་ནང་ལས་ སྐྱེས་ལོ་༨༦ ལང་མི་ ཨ་རྒས་ཅིག་ཡོདཔ་ད་ ཁོ་ལུ་ ཨ་ལུ་མེདཔ་མ་ཚད་ ད་རེས་ཁམས་ཅིག་ཁར་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་བར་འོངམ་ད་ ཟད་འགྲོ་རྫོགས་སོ་ནི་དེ་གིས་ ལྷངམ་རྐྱབ་དགོཔ་ ཐོན་ཡི་ཟེར་ སླབ་ཨིན་པས།
ལྷངམ་རྐྱབ་མི་ཚུ་གིས་ ཁོང་ར་ ཁྲོམ་ཁར་སྡོད་དེ་ ཏི་རུ་ལྷང་པའི་སྐབས་ གཅིག་ཁར་མེན་པར་ ཁ་གཏོར་ཏེ་ སྡོད་དོ་ཡོདཔ་ད་ ཁོང་གི་གྲས་ལས་ ལ་ལུ་ཅིག་གིས་ སླབ་མིའི་ནང་ ད་རེས་ ཁྲོམ་ཁར་ལྷངམ་རྐྱབ་མི་ ལ་ལུ་ཅིག་གིས་ ཏཱ་ར་ཡ་ན་གཞི་ཚོགས་ལས་ ཟླ་རིམ་དངུལ་ཕོགས་དང་ རྒྱགས་སྐྱེལ་ཚུ་ ཐོབ་སྟེ་ཡོད་ཟེར་ཨིན་པས།
རེ་ཚེ་སྐབས་ ཐིམ་ཕུ་ཁྲོམ་ཁར་སྡོད་དེ་ ཏི་རུ་ལྷང་མི་ ལ་ལུ་ཅིག་གིས་ ཏི་རུ་ཐོབ་པའི་བསྒང་ལས་ ཆང་ཉོ་སྟེ་ འཐུང་དོ་ཡོདཔ་ད་ ལས་འཛིན་ཅིག་ནང་ལཱ་འབད་མི་ བཀྲིས་ཀྱིས་ ད་རེས་ཁམས་ ཨམ་སྲུ་ཅིག་གིས་ མོ་རའི་ ཨ་ལུ་འབག་ཐོག་ལས་ ཁོ་ལས་ ཏི་རུ་ལྷང་པའི་སྐབས་ ཆང་གི་དྲིམ་མནམ་ལས་ ཚོགས་བརྡ་བཏང་ཡི་ཟེར་ཨིན་པས།
ཐིམ་ཕུ་ལུ་སྡོད་མི་ ལ་ལུ་ཅིག་གིས་འབད་བ་ཅིན་ མི་ཚུ་གིས་ ལྷང་མི་དང་འཁྲིལ་ ཏི་རུ་བྱིན་དོ་ཡོདཔ་ཨིན་རུང་ སྐབས་སྐབས་ ཁོང་ལས་ ཏི་རུ་ལྷང་མི་ཚུ་ ཆང་ཁང་ཚུ་གི་ ཉེ་འདབས་ལས་ཕར་ ཆང་གིས་འགྲངས་ཏེ་ ཉལ་སྡོད་སར་ཡང་ མཐོངམ་མས་ཟེར་ སླབ་ཨིན་པས།
ལ་ལུ་ཅིག་གིས་འབད་བ་ཅིན་ དབང་འདུས་ཕོ་བྲང་ལུ་ཡོད་པའི་ དགོན་པ་ཅིག་གི་ སྒོམ་ཆེན་ཨིན་ཟེར་ ལྷངམ་རྐྱབ་མི་ ལེ་ཤ་ཐོནམ་མས་ཟེར་ སླབ་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment