གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉ་རྡོ་བསྲེགསམ་གིས་ འོང་འབབ་ལེགས་ཤོམ་བཟོ་ཚུགས་པའི་རེ་བ།

༢༩/༨/༢༠༡༢   ༉ དབང་འདུས་རྫོང་ཁག་ ཨ་ཐང་རྒེད་འོག་ རུ་ཁ་དང་ ལ་ཝ་ལམ་སྒང་ དེ་ལས་ བསམ་ཐང་སྤྱི་འོག་༣ ནང་ སྐད་གྲགས་ཅན་ཅིག་ཨིན་མི་ ཉ་རྡོ་བསྲེགསམ་དེ་ སྤྱི་འོག་གི་མི་སེར་ཚུ་གི་དོན་ལུ་ འོང་འབབ་ཀྱི་འབྱུང་ཁུངས་གཙོ་བོ་ཅིག་ཨིན་རུང་ ད་ཚུན་ལུ་ འོང་འབབ་འབོར་ཆེ་ཏོག་ཏོ་ཅིག་ བཟོ་མ་ཚུགས་པར་ཡོདཔ་ཨིན་པས།
ཉ་གསོ་སྐྱོང་འཐབ་སའི་ ཆུ་རྫིང་།


ཧེ་མ་འབད་བ་ཅི་ན་ ཉ་ཚུ་ གཡུས་ཚན་ཚུ་གི་སྦུག་ལས་མར་འབབ་མི་ ཕོབ་སྦྱིས་ཁ་འོག་གི་ བདུད་རི་ཧ་ཤང་གི་མཇུག་གི་ ཧར་ཆུའམ་ གཉེར་ཆུ་ཟེར་སླབ་མི་ གཙང་ཆུ་དེ་ནང་ལས་ ཉ་བཟུང་སྟེ་ ཉ་རྡོ་བསྲེགསམ་ཟེར་ ཉ་གི་རྒྱུ་མ་ནང་ཁྲོལ་ཚུ་ བཏོན་བརྐོཝ་ཅིག་ ཨོལ་ལྐོག་གུ་ སྤ་ཚར་གྱིས་བསྡམས་ཏེ་ ཉིནམ་དག་པ་ཅིག་གི་རིང་ ཤིང་རློནམ་མེ་གུ་བསྲེགས་ཐོག་ལས་ ལེགས་ཤོམ་སྦེ་སྐམ་ཞིནམ་ལས་ བཙོང་མི་དེ་ཨིན་པས།
གྲོང་མི་ཚུ་གིས་ སླབ་མིའི་ནང་ གཙང་ཆུ་དེ་ནང་གི་ ཉ་གི་མིང་དེ་ དམའ་ཉ་ཟེར་སླབ་སྟེ་ ཉ་གཞན་དང་མ་འདྲཝ་ཅིག་ཡོད་མི་དེ་ཡང་ ཉ་དེ་གི་རིགས་ལུ་ རྩང་མངམ་མེད་པའི་ཁར་ ཟཝ་ད་ཡང་ ཞིམ་ཏོང་ཏོ་ཡོད་ཟེར་ཨིན་པས།
ཉ་དེ་ ཧ་ལམ་ གཡུས་མི་རེ་གཉིས་མ་གཏོགས་ མང་ཤོས་ཅིག་གིས་ བཟུང་དོ་ཡོད་པའི་ཁར་ འདས་པའི་ལོ་ནང་ལས་ སོ་ནམ་ལྷན་ཁག་གིས་ གྲོང་མི་ཚུ་ ཉ་བཟུང་ཆོག་པའི་གནང་བ་ཡང་ གནང་སྟེ་ཡོདཔ་ད་  གནང་བ་དེ་ཐོབ་པའི་ཤུལ་ལས་ ད་ཚུན་ལུ་ ཤོ་ཐེངས་ཅིག་ལས་བརྒལ་ བཙོང་མ་ཚུགས་པར་ཡོདཔ་ད་ དེ་ནང་ ཁྱིམ་གུང་རེ་རེ་གིས་ འོང་འབབ་དངུལ་ཀྲམ་༤༠༠༠ དེ་རེ་ མ་གཏོགས་ ཐོབ་མ་ཚུགསཔ་ཨིན་པས།
ཉ་བཟུང་ནི་གི་ དུས་ཚོད་དེ་ཡང་ ལོ་གཅིག་ནང་ ཟླཝ་༦ བཟུང་ཆོག་ནི་ཨིན་མི་དེ་ཡང་ རང་ཟླ་༧ པ་ ༨ པ་ ༩ པ་དང་ ༡༢ པ་༢ པ་༣ ཚུ་ནང་ཨིནམ་ད་ ཟླཝ་༡ པ་དེ་ དུས་བཟང་འབད་ནི་དེ་གིས་ ངལ་གསོ་འབད་སྡོད་དོ་ཡོདཔ་ཨིན་པས།
ཉ་བཟུང་ནི་ཚུ་ ལམ་ལུགས་དང་འཁྲིལ་དགོ་མི་དེ་ཡང་ ཧིང་དང་དྲྭ་མིག་ཚུ་ ལག་ལེན་འཐབ་སྟེ་མིན་པར་ སྦ་ལེབ་ཀྱིས་སྒོར་ཐོག་ལས་ རྭ་མ་རྐྱབ་སྟེ་ ཉ་གི་སྦོམ་ཚད་ཡང་ ཀེ་ཇི་ཕྱེ་ཀ་འམ་ གཱ་རམ་༥༠༠ དེ་རེ་ འབད་མི་ཚུ་མ་གཏོགས་ བཟུང་མི་ཆོག་དོ་ཡོདཔ་ཨིན་པས།
ཉ་ཚུ་ གཡུས་ཁ་ལས་ཕར་བཙོང་རུང་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༥༠ དང་ ཁྲོམ་སྡེ་ཚུ་ནང་བཙོང་པ་ཅིན་ དངུལ་ཀྲམ་༣༠༠ དང་༣༥༠ གི་བར་ན་ ཐོབ་དོ་ཡོད་པའི་སྐོར་ལས་ བཤདཔ་ཨིན་པས།
དེ་འབདཝ་ད་ གཡུས་མི་ཚུ་དང་འཁྲིལཝ་ད་ ཧེ་མ་དང་ཕྱདཔ་ད་ གཙང་ཆུ་ནང་ལས་ ཉ་ཚུ་ཡང་ ཧེ་མ་བཟུམ་སྦེ་ འཇམ་ཏོང་ཏོ་སྦེ་ ཐོབ་མི་ཚུགས་པས་ཟེར་ཨིན་པས།
གཡུས་ཚན་ལ་ལུ་ཅིག་ནང་ རང་སོའི་གཡུས་མི་ སྡེ་ཚན་བཟོ་སྟེ་ ཉ་གསོ་སྐྱོང་འཐབ་ནི་འགོ་བཙུགས་ཡོད་མི་དེ་གིས་ མ་འོངས་པར་ འོང་འབབ་ཚུ་ ལེགས་ཤོམ་སྦེ་ བཟོ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
རུ་ཁ་གཡུས་ཚན་ནང་འབད་བ་ཅིན་ ཁྱིམ་གུང་༢༠ དེ་ཅིག་ཡོད་ས་ལས་ ཁྱིམ་གུང་༩ རེ་འབད་མི་ སྡེ་ཚན་༢ བཟོ་སྟེ་ སྤྱི་ལོ་༢༠༠༥ ལས་ དགེ་ལེགས་ཕུག་ ཉ་གསོ་སྐྱོང་ཁང་ནང་ལས་ ཉའི་སོན་ལེན་ཏེ་ ཆུ་རྫིང་ནང་ ཉ་གསོ་སྐྱོང་འབད་ནི་ འགོ་བཙུགས་ཡོདཔ་ད་ སྤྱི་ལོ་༢༠༠༨ དང་༢༠༠༩ ལུ་ འགོ་དང་པ་ ཚར་༢ བཙོང་ཡོད་རུང་ འོང་འབབ་སྦོམ་ཅིག་བཟོ་མ་ཚུགས་ཟེར་ རུ་ཁ་ལས་ ཉ་གསོ་སྐྱོང་འཐབ་མི་སྡེ་ཚན་གྱི་ འཐུས་མི་ཅིག་ཨིན་མི་ ཆོས་སྐྱིད་ལ་གིས་ བཤད་ཅི།
ཨིན་རུང་ ཁོ་གིས་འབད་བ་ཅིན་ ད་ལྟོ་ ཉ་ཆུང་ཀུ་ཡོད་མི་ཚུ་ སྦོམ་འགྱོ་བའི་བསྒང་ཡོདཔ་ལས་ མགྱོགས་པ་ར་ སྦོམ་སོང་སྟེ་ ཁེ་སང་བཟོ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཆུ་རྫིང་ཚུ་ནང་ ད་ལྟོ་ ཉ་སྟོང་ཕྲག་༣༠༠༠ དེ་ཅིག་ཡོད་མི་ལས་ སྦོམ་ཤོས་དེ་ གཱ་རམ་༥༠༠ དེ་རེ་ འཐོན་ནི་གི་ཚད་ནང་ཡོདཔ་ད་ དེ་ཚུ་ འཕྲལ་མགྱོགས་ར་ ཚོང་འབྲེལ་འཐབ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
ཉ་གསོ་སྐྱོང་འཐབ་ནི་དེ་ ད་རུང་ སྤྱི་འོག་༣ གྱི་ ས་གནས་ལ་ལུ་ཅིག་ནང་ ཁྱིམ་གུང་ མང་ཤོས་ཅིག་གིས་ འོང་འབབ་ཀྱི་དོན་ལུ་ སྒོ་ནོར་སེམས་ཅན་ཕགཔ་དང་ བྱ་ཚུ་ཡང་ འཚོ་སྐྱོང་འཐབ་དོ་ཡོདཔ་ད་ མ་གཞི་ ལུང་གཤོང་དེ་ནང་ ལོ་ཐོག་གི་རིགས་ཚུ་ ག་ཅི་ཡང་ འཚོ་དོ་ཡོདཔ་ཨིན་རུང་ འཛུགས་སྐྱོང་མ་འབད་མི་དེ་ཡང་ ཚོང་འབྲེལ་འཐབ་ས་ ཉེ་འདབས་ལུ་མེད་ནི་དེ་གིས་ཨིན་ཟེར་ གཡུས་མི་ཚུ་གིས་བཤདཔ་ཨིན་པས།
གྲོང་མི་ཚུ་ ད་རེས་ནངས་པ་ གནམ་བྱཱར་ཉ་བཟུང་མ་ཆོག་པའི་དུས་ཚོད་ཨིནམ་བཞིན་དུ་ ངལ་གསོ་སྦེ་སྡོད་དོ་ཡོད་རུང་ ཤུལ་མའི་ཟླཝ་ནང་ལས་ ཉ་བཟུང་ཆོག་པའི་ཆོག་ཐམ་ཐོབ་ནི་ཨིནམ་བཞིན་དུ་ ད་རེས་ནངས་པ་ གྲ་སྒྲིག་འབད་བའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment