གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤ་རོ་རྫོང་ཁག་ སྨན་ཁང་གི་ནང་ རླངས་བདུགས་དང་ རླངས་ལུམས་ཀྱི་ ཞབས་ཏོག་འགོ་བཙུགས་ཡོདཔ།

༢༧/༨/༢༠༡༢   ༉ འདས་པའི་ རེས་གཟའ་ཉི་མ་ སྤྱི་ཟླ་༨ པའི་ཚེས་༢༥ ལས་འགོ་བཙུགས་ ནང་པའི་སྨན་བཅོས་ཞབས་ཏོག་ནང་ དང་འདོད་ཡོད་མི་ སྤ་རོ་གི་མི་སེར་ཚུ་གིས་ རླངས་བདུགས་དང་ རླངས་ལུམས་ཀྱི་ ཞབས་ཏོག་ཚུ་ཐོབ་ནི་ཨིན་པས། 
རྐང་མ་ ལྤགས་སྲིན་གྱི་ནད་གཞི་ཐོབ་མི་ ཨ་རྒས་ཅིག་གིས་ འགོ་དང་པ་ རླངས་བདུགས་འབད་བའི་བསྒང་།


དེ་ཚེ་ རེས་གཟའ་ཉི་མ་ལུ་ འགོ་འབྱེད་འབད་མི་ རྐང་ལག་ན་ནི་དང་ ལྤགས་སྲིན་གི་ན་ཚ་ལུ་ ཕན་ཐོགས་སྦོམ་འོང་ནི་ཨིན་མི་ རླངས་བདུགས་དང་ རླངས་ལུམས་ཀྱི་ཞབས་ཏོག་དེ་ ས་གནས་ཀྱི་མི་མང་ལུ་ གསོ་བའི་ཞབས་ཏོག་རྒྱ་བསྐྱེད་ཀྱི་དོན་ལུ་དམིགས་ཏེ་  གཞི་བཙུགས་འབད་ཡོདཔ་ད་ དེ་གིས་ ནང་པའི་གསོ་བའི་སྨན་བཅོས་ལུ་ དང་འདོད་བསྐྱེད་མི་ཚུ་ལུ་ གོ་སྐབས་ལེགས་ཤོམ་ཅིག་ཨིན་པས།
སྤ་རོ་ རྫོང་ཁག་སྨན་ཁང་ནང་གི་ ནང་པའི་དྲུང་འཚོ་ ཆོས་རྒྱལ་བསྐལ་བཟང་གིས་ བཤད་དོ་བཟུམ་འབད་བ་ཅིན་ རླངས་བདུགས་དང་ རླངས་ལུམས་ཀྱི་ཞབས་ཏོག་དེ་ གསོ་བའི་ལྷན་ཁག་གིས་ རྫོང་ཁག་ཆ་མཉམ་ནང་ གཞི་བཙུགས་འབད་ནི་གི་འཆར་གཞི་ལྟར་དུ་ གཞི་བཙུགས་འབད་ཡོདཔ་མ་ཚད་ རྫོང་ཁག་ཚོགས་འདུའི་ནང་ཡང་ ཐེངས་ལེ་ཤ་ཅིག་ར་ དེ་བཟུམ་མའི་ ནང་པའི་གསོ་བའི་ཞབས་ཏོག་གི་ དགོས་མཁོ་སྦོམ་ཡོདཔ་སྦེ་ གྲོས་ཆོད་ཚུ་བྱུང་མི་ལུ་བརྟེན་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
ད་རུང་ ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ ནདཔ་ལེ་ཤ་ཅིག་གིས་ སྨན་ཁང་དེ་གི་ ནང་པའི་གསོ་བའི་སྡེ་ཚན་ནང་ རླངས་བདུགས་དང་ རླངས་ལུམས་ཀྱི་ ཞབས་ཏོག་དགོས་མཁོ་བཀོད་མི་ ལེ་ཤ་ཐོན་ཏེ་ ད་ཚུན་ཁོང་གི་ རེ་འདོད་གྲུབ་མ་ཚུགས་རུང་ ད་རེས་ ཞབས་ཏོག་དེ་ གཞི་བཙུགས་འབད་ཚར་མི་ལུ་བརྟེན་ སྤ་རོའི་མི་སེར་ཚུ་གི་གྲས་ལས་ཡང་ ལོ་ན་རྒས་ཤོས་ ཐིམ་ཕུ་ལུ་ལྷོད་མ་ཚུགས་མི་ཚུ་ མཐུན་རྐྱེན་དེ་གིས་ བློ་བདེ་དང་ ཡིད་ཆེས་བྱུང་སྟེ་ཡོད་ཟེར་ བཤདཔ་ཅི།
རླངས་བདུགས་དང་ རླངས་ལུམས་ཀྱི་སྨན་བཅོས་དེ་ སྔོ་སྨན་སྣ་ཚོགས་ཚུ་ ཆུ་ནང་བསྐོལ་ཞིནམ་ལས་ མི་ནདཔ་ ན་ཚ་ཐོབ་སྟེ་ལྷོད་མི་ཚུ་ལུ་ རླངསམ་བདུགས་བཅུག་ནི་དང་ ཡང་ཅིན་ གཟུགས་ག་ཏེ་ན་སར་ རླངས་ལུམས་འབད་ཐོག་ལས་ སྨན་བཅོས་འབད་དོ་ཡོདཔ་ད་ དེ་གིས་ ནད་གཞི་ལེ་ཤ་ཅིག་ལུ་ ཕན་ཐོགས་ཚུགས་ཟེར་ཨིན་པས།
ནང་པའི་གསོ་བའི་སྨན་ཁང་གི་ དྲུང་འཚོ་ ཆོས་རྒྱལ་བསྐལ་བཟང་གིས་འབད་བ་ཅིན་ རླངས་བདུགས་དང་རླངས་ལུམས་ཀྱིས་ གཟུགས་གཟེར་རྐྱབ་སྟེ་ན་མི་དང་ གྲུམ་ནད་ཀྱིས་ རྐང་ཚིག་ལག་ཚིག་ན་མི་ དེ་ལས་ རྩ་སྐམ་གྱི་ནད་ཀྱིས་ རྐང་ལག་བརྐྱང་བསྐུམ་འབད་མ་བཏུབ་མི་དང་ རྐེདཔ་ན་མི་ ལྤགས་སྲིན་གྱི་ནད་གཞི་ཚུ་དང་ གཟུགས་ཁར་རྨ་ཐོན་ཞིནམ་ལས་ དྲགས་མ་བཏུབ་པར་ སྦོ་མི་ཚུ་ལུ་ དྲགས་ཚུགས་པའི་ ཕན་པ་ཡོད་ཟེར་ཨིན་པས།
དེ་མ་ཚད་ ཕོ་མོའི་གསང་ནད་ཀྱི་རིགས་དང་ ཡ་མ་དཀར་ནག་གི་ནད་རིགས་ དེ་ལས་ ཐུག་རྐྱེན་ལུ་བརྟེན་ རུ་ཏོ་ཆག་དཀྲུམས་ཤོར་མི་ཚུ་ཡང་ དྲག་ནི་ལུ་ལྷན་ཐབས་ འབད་ཚུགས་ཟེར་ དྲུང་འཚོ་གིས་བཤདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment