གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྕགས་ཀྱིས་བླུགས་བྱིན་མི་ཉམས་རྒུདཔ་ སྨན་བཅོས་འབད་དོ་ཡོདཔ།

༢༠/༨/༢༠༡༢   ༉ བུམ་ཐང་ལུ་ སྐྱེས་ལོ་༢༣ ལང་མི་ ཕོ་སྐྱེས་ཅིག་གིས་ ཁོ་རའི་ ལས་མི་ཆ་རོགས་ཅིག་ལུ་ ལྕགས་ཀྱིས་ བླུགས་བྱིན་མི་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པ་གིས་ གནས་ཚུལ་བཤད་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་ སྤྱི་ཟླ་༨ པའི་ཚེས་༡༤ གི་ དྲོ་པའི་ཆུ་ཚོད་༡ དེ་ཅིག་ཁར་ སྟང་རྒེད་འོག་ སྦས་ཟུར་གཡུས་ཚན་གྱི་ ཨ་ནེམོ་གྲྭ་ཚང་གི་ བཟོ་སྐྲུན་ལཱ་འབད་སའི་ ས་ཁོངས་ནང་ བྱུང་ནུག་ཟེར་ཨིན་པས།
ཉམས་རྒུདཔ་ཕོ་སྐྱེས་དེ་ གདོང་གུ་ རྨ་སྐྱོན་སྦོམ་སྦེ་ར་ བཏོན་ཡོདཔ་ལས་ ད་ལྟོ་ དབང་འདུས་ཆོས་གླིང་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས།
རྐྱེན་ངན་དེ་ དེ་ཚེ་ཕྱི་རུ་ ལས་མི་ཚུ་ ཁོང་ར་སྡོད་སའི་སྒར་ནང་ ཤོ་ཏ་ཟེ་རྐྱབ་པའི་ཤུལ་ལས་ བྱུང་ནུག་ཟེར་ཨིན་པས།
དེ་ཡང་ དོགས་ཅན་ཕོ་སྐྱེས་དེ་ ཆ་རོགས་ཚུ་ རྩེདམོ་རྩེ་སར་ ལྟ་སྡོད་པའི་སྐབས་ ཉམས་རྒུདཔ་དེ་ འོང་ཞིནམ་ལས་ ཧས་བཏགས་འཚོལ་བའི་ཤུལ་ལུ་ ཉམས་རྒུདཔ་དེ་ ཆང་འགྲངས་སོ་ནི་དེ་གིས་ ཆ་རོགས་ཚུ་གིས་ སྒར་ནང་བཏང་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ དོགས་ཅན་དེ་ཡང་ ཉལ་བར་སོང་ཡོདཔ་ད་ ཨིན་རུང་ ཉམས་རྒུདཔ་གིས་ དོགས་ཅན་འབད་སར་སོང་སྟེ་ ད་རུང་ སྒོ་གུ་རྡོག་ཐལ་རྐྱབ་སྟེ་ ཧས་བཏགས་འཚོལཝ་ད་ དོགས་ཅན་གྱིས་ སྒར་ནང་ཡོད་པའི་ ལྕགས་ཅིག་གིས་ བླུགས་བྱིན་ཡོདཔ་ཨིན་པས།
བྱུང་རྐྱེན་དེ་ དོགས་ཅན་གྱི་ ཆ་རོགས་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་དེ་ སྨན་ཁང་ནང་ འབག་བསྐྱལ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དོགས་ཅན་ཕོ་སྐྱེས་དེ་ གསར་སྤང་ལས་ཨིནམ་ད་ ཧེ་མ་ཡང་ ཉེས་ལས་འཐབ་མི་ལུ་བརྟེན་ཏེ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཞག་པའི་ཤུལ་ལས་ ལོག་བཏང་ཡོདཔ་ཨིན་པས།
སྨན་ཁང་ལས་ སྙན་ཞུ་མ་ཐོབ་སྟེ་འབད་རུང་ ཉམས་རྒུདཔ་དེ་ ད་ལྟོ་ཡང་ སྨན་བཅོས་འབད་བའི་བསྒང་ ཡོདཔ་ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment