གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཟངས་མདོག་དཔལ་རི་ལྷ་ཁང་གི་ བདག་དབང་ག་ལུ་ཡོདཔ་ཨིན་ན?

༣༡/༨/༢༠༡༢    ༉ བསམ་གྲུབ་ལྗོངས་མཁར་གྱི་ རྫོང་ཁག་སྨན་ཁང་ཁ་ཐུག་ལུ་ཡོད་མི་  ཟངས་མདོག་དཔལ་རི་ལྷ་ཁང་དེ་ ཉམས་སྐྱོན་ཤོར་ཡོད་རུང་ ཁྲོམ་སྡེ་དང་ སྒེར་མི་ཅིག་གི་བར་ན་ ས་ཆའི་བདག་དབང་སྐོར་ ཉོགས་འཛིན་ཐོན་མི་ལུ་བརྟེན་ རྒྱུན་སྐྱོང་འཐབ་མ་ཚུགས་པར་ ལུས་ཏེ་ཡོདཔ་ཨིན་པས།
རྩོད་རྙོགས་ཅན་ལུ་གྱུར་མི་ བསམ་གྲུབ་ལྗོངས་མཁར་ པདྨ་དགའ་སྐྱིད་གླིང་ཟངས་མདོག་དཔལ་རི་ལྷ་ཁང་།


དེ་ཡང་ མི་ལོ་༤༧ གྱི་ཧེ་མར་བཞེངས་མི་ པདྨ་དགའ་སྐྱིད་གླིང་ཟངས་མདོག་དཔལ་རི་ལྷ་ཁང་གི་ བདག་དབང་ ག་ལུ་ཡོདཔ་ཨིན་ནའི་སྐོར་ བདུན་ཕྲག་འདི་ནང་ ཁྲོམ་སྡེ་ཚོགས་འདུ་ འཚོགས་པའི་སྐབས་ འཐུས་མི་ཚུ་གིས་ དྲི་བཀོད་འབད་ནུག།
གནད་དོན་དེ་ ན་ཧིང་ ཁྲོམ་སྡེ་ཚོགས་འདུ་ འགོ་དང་པ་འཚོགས་པའི་སྐབས་ལུ་ཡང་ གྲོས་བསྡུར་འབད་བའི་ཤུལ་ལས་ ཁྲོམ་སྡེའི་ཞིབ་དཔྱད་སྡེ་ཚན་ཅིག་ གཞི་བཙུགས་ཐོག་ ཞིབ་དཔྱད་རྐྱབ་ད་ ཟངས་མདོག་དཔལ་རི་བཞེངས་སའི་ ས་ཆ་དེ་ ཚོང་པ་ཅིག་གི་ཨིན་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ཁྲོམ་སྨད་འཐུས་མི་ ནོར་བུ་དབང་འདུས་ཀྱིས་ སླབ་མིའི་ནང་ ཐོག་ཚད་གསུམ་འབད་མི་ ཟངས་མདོག་དཔལ་རི་ལྷ་ཁང་དེ་ བཞེངས་ཞིནམ་ལས་ཚུར་ སྒེར་མི་འཕྲིན་ལས་རྡོ་རྗེ་གིས་ བདག་འཛིན་འཐབ་ཡོད་རུང་ ལྷ་ཁང་དེ་ མི་མང་གི་ ཞལ་འདེབས་ཐོག་ལུ་ བཞེངས་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྷ་ཁང་བཞེངས་སའི་ནང་ ས་ཆ་གྲུ་བཞི་ཕིཊ་༤༤,༠༠༠ ཡོད་མི་དེ་ གཞུང་ས་ཨིན་རུང་ སྤྱི་ལོ་༢༠༠༨ ལུ་ རྫོང་ཁག་བདག་སྐྱོང་གིས་ འཕྲིན་ལས་རྡོ་རྗེ་ལུ་ ལག་ཁྲམ་སྤྲོད་དེ་ ཟངས་མདོག་དཔལ་རི་ལྷ་ཁང་དེ་ ཁོ་གིས་ བདག་འཛིན་འཐབ་དགོཔ་སྦེ་ བཀོད་ནུག་ཟེར་ཨིན་པས།
དེ་སྦེ་ ས་ཆ་བདག་དབང་གི་ཁྲམ་ ཁོ་ལུ་ སྤྲོད་མི་དེ་ འོས་ལྡན་ཅིག་མེན་པས་ཟེར་ འཐུས་མི་ནོར་བུ་དབང་འདུས་ཀྱིས་ སླབ་ཡོདཔ་ཨིན་པས།
བདེ་བ་ཐང་ཀེབ་སི་འཐུས་མི་ བཀྲིས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ས་ཆ་དེ་ མི་མང་གི་ རྒྱུ་དངོས་ཅིག་ཨིནམ་ལས་ བདག་འཛིན་འཐབ་ནི་གི་ འགན་དབང་ག་ལུ་ཕོག་ནི་ཨིན་ན་ དེ་འཕྲོ་ལས་ ཐག་བཅད་དགོཔ་འདུག་ཟེར་ ཁྲོམ་སྡེ་ཚོགས་འདུ་ནང་ ཞུ་བའི་ཁར་ འཐུས་མི་ཚུ་གིས་ ཐག་བཏོག་ཚུགས་པ་ཅིན་ ལྷ་ཁང་དེ་ རྒྱུན་སྐྱོང་དང་ ཡང་ཅིན་ ཉམས་གསོ་ཞུ་ནི་ཡོད་རུང་ འཕྲལ་མགྱོགས་འབད་ཚུགས་ནི་མས་ཟེར་ཞུ་ནུག།
ད་ལྟོ་ ལྷ་ཁང་རྒྱུན་སྐྱོང་དང་ བདག་འཛིན་འཐབ་མི་ ག་ཡང་མིན་འདུག་ཟེར་ ཁོ་གིས་ སླབ་ཡོདཔ་ཨིན་པས།
ཁྲོམ་སྡེའི་བཀོད་ཁྱབ་འཕྲུལ་རིག་འོག་མ་ ཡེ་ཤེས་རྡོ་རྗེ་གིས་ གསལ་བཤད་འབད་མི་དང་འཁྲིལཝ་ད་ ས་ཁྲམ་ནང་ ཟངས་མདོག་དཔལ་རི་བཞེངས་སའི་ ས་ཆ་དེ་ འཕྲིན་ལས་རྡོ་རྗེའི་ མིང་ཐོ་ལུ་ཡོད་པའི་ཁར་ སྤྱི་ལོ་༡༩༨༢ ལུ་ ས་ཆ་བགོ་བཀྲམ་གྱི་ བཀའ་རྒྱ་ཡང་ ཁོ་གི་མིང་ཐོ་ལུ་ བཏོན་ནུག་ཟེར་ཨིན་པས།
ཨིན་རུང་ ས་ཆ་བགོ་བཀྲམ་གྱི་ བཀའ་རྒྱ་དེ་ ཁོ་གི་མིང་ཐོ་ཁར་ ག་དེ་སྦེ་ བཏོན་བཏོནམ་ཨིན་ན་ ང་བཅས་ཀྱིས་ ཧ་གོ་མ་ཚུགས་ཟེར་ ཁོ་གིས་ སླབ་ཨིན་པས།
ཡེ་ཤེས་རྡོ་རྗེ་གིས་འབད་བ་ཅིན་ འཕྲིན་ལས་རྡོ་རྗེ་གིས་ ས་ཆ་གྲུ་བཞི་ཕིཊ་༤༤,༠༠༠ ཡོད་མི་ལས་ གྲུ་བཞི་ཕིཊ་༣,༤༠༠ དེ་བསྒང་གི་ ཁ་ཟས་བཟོ་ཁང་གི་ཇོ་བདག་ སངས་རྒྱས་རྡོ་རྗེ་ལུ་ དངུལ་ཀྲམ་༥༠,༠༠༠ སྦེ་ བཙོང་ཡོད་རུང་ ད་ཚུན་གྱི་བར་ན་ ཁྲམ་སྤོ་མ་ཚུགས་པར་ ལུས་ནུག་ཟེར་ཨིན་པས།
ཧེ་མར་ སྲིད་དོན་དང་འབྲེལ་བའི་ བྲེལ་ཟིང་ཐོན་པའི་སྐབས་ ཟངས་མདོག་དཔལ་རི་ལྷ་ཁང་གི་ སྦོ་ལོགས་ཁར་ ས་ཆ་ཤས་ཅིག་ སངས་རྒྱས་རྡོ་རྗེ་ལུ་བཙོང་སའི་ ས་མཚམས་ལུ་ གྱང་རྩིག་ཅིག་ རྐྱབ་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༦ ལུ་ ས་ཆ་འཇལ་བའི་སྐབས་ སངས་རྒྱས་རྡོ་རྗེ་ལུ་བཙོང་མི་ ས་དེ་ གཞུང་ས་ཨིན་པའི་ ངོས་འཛིན་བྱུང་ནུག།
འཕྲིན་ལས་རྡོ་རྗེ་གིས་ སྤྱི་ལོ་༢༠༠༡ དང་༢༠༠༨ ལུ་ ཟངས་མདོག་དཔལ་རི་ལྷ་ཁང་གི་ས་དེ་ གཏའ་མ་བཙུགས་ཐོག་ལས་ འབྲུག་ཉེན་བཅོལ་ལས་འཛིན་ལས་ སྐྱིན་འགྲུན་ལེན་ནུག་ཟེར་ ཡེ་ཤེས་རྡོ་རྗེ་གིས་ བཤདཔ་ཨིན་པས།
ལྷ་ཁང་ལྟ་རྟོག་འབད་དེ་ ལོ་༣ ལང་མི་ དགེ་སློང་ཨྱོན་ཆོས་འཕེལ་གྱིས་ སླབ་མིའི་ནང་ ཟངས་མདོག་དཔལ་རི་ལྷ་ཁང་དེ་ ཉམས་ཆག་ཤོར་ཡོདཔ་ལས་ ག་དེ་མགྱོགས་མགྱོགས་ ཉམས་གསོ་ཞུ་ནི་གི་ ཐུགས་བཞེད་གནང་དགོཔ་ འདུག་ཟེར་ཨིན་པས།
ལྷ་ཁང་དེ་ ཉམས་གསོ་མ་ཞུ་བར་ དེ་སྦེ་ར་ བཞག་པ་ཅིན་ སྐུ་རྟེན་ཚུ་ བུད་འོང་ནི་གི་ ཉེན་ཁ་སྦོམ་འདུག་ཟེར་ སྐྱེས་ལོ་༢༢ ལང་མི་ དགེ་སློང་ཨྱོན་ཆོས་འཕེལ་གྱིས་ བཤད་པའི་ཁར་ ལྷ་ཁང་རྩ་བ་ལས་ར་ ཉམས་གསོ་ཞུ་དགོཔ་འདུག་ཟེར་ སླབ་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ཁྲོམ་དཔོན་ ཀརྨ་ཤེས་རབ་སྟོབས་རྒྱས་ཀྱིས་ འབད་བ་ཅིན་ གནད་དོན་དེ་ལུ་ ཞིབ་དཔྱད་ཚ་ངེར་བཏོན་ཏེ་ འབད་ཞིནམ་ལས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལུ་ སྙན་ཞུ་ཕུལ་དགོཔ་འདུག་ཟེར་ཨིན་པས།
ང་བཅས་ཀྱིས་ ཟངས་མདོག་དཔལ་རི་གི་ ས་ཆའི་བདག་དབང་ག་ལུ་ཡོདཔ་ཨིན་ན་དང་ ཡང་ཅིན་ ཁྲོམ་སྡེའི་བདག་དབང་ཐོག་ལུ་ བཞག་ནི་ཨིན་ན་ ཡང་ཅིན་ འཕྲིན་ལས་རྡོ་རྗེ་ལུ་ སྤྲོད་ནི་ཨིན་ན་ བརྟག་ཞིབ་ཐོག་ ཐག་བཅད་དགོཔ་ཡོད་ཟེར་ ཁྲོམ་དཔོན་གྱིས་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment