གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སང་ཕོད་ལས་ སྐྱེངས་མཁར་རྒེད་འོག་ནང་ གློག་མེའི་ཞབས་ཏོག་ལྷོད་ནི།

༣༡/༨/༢༠༡༢   ༉ སྐྱེས་ལོ་༡༣ ལང་མི་རྡོ་རྗེ་(མིང་ངོ་མ་མེན་)དེ་ ཡུ་ལྡི་རི་མི་སྡེ་སློབ་གྲྭའི་ སློབ་ཕྲུག་ཅིག་ཨིནམ་ད་ ཁོ་ར་ དཔེ་ཆ་ལྷབ་མ་ཚུགས་པའི་ཁར་ འཕྲལ་འཕྲལ་སྦེ་ར་ སློབ་དཔོན་གྱིས་ ཁོ་ལུ་ ཚོགས་བརྡ་བཏང་པའི་སྐབས་ ཁོ་རའི་ཁྱིམ་ནང་ གློག་མེ་ལྷོད་པ་ཅིན་ དཔེ་ཆ་ལེགས་ཤོམ་སྦེ་ ལྟ་ཚུགས་ནི་ཨིན་པའི་ མནོ་བསམ་བཏང་དོ་ཡོདཔ་ཨིན་པས།
སྐྱེངས་མཁར་རྒེད་འོག་ནང་ལྷོད་མི་ གློག་མེ་བཀྲམ་སྤེལ་གྱི་ གློག་ཐག་དང་ ཀཝ་ཚུ།


དེ་ཡང་ སྐྱེངས་མཁར་རྒེད་འོག་ནང་ གློག་མེའི་ཞབས་ཏོག་མཐུན་རྐྱེན་མེད་པ་ལུ་བརྟེན་ ཁོ་ར་ སྤུན་ཆ་ཚུ་གི་གྲས་ལས་ སྦོམ་ཤོས་ཅིག་ཨིནམ་ལས་ བདུན་མཐའི་ ངལ་གསོ་སྐབས་ལུ་ ཕམ་ཚུ་དང་གཅིག་ཁར་ བྱ་ཐབས་མེད་པར་ ཤིང་འཐུ་བར་འགྱོ་ནི་གི་ ལཱ་རུབ་འབད་དོ་ཡོདཔ་ད་ དེ་ཡང་ ལྟོ་འབད་ནིའི་དོན་ལུ་ ཐབ་ཤིང་ལག་ལེན་འཐབ་དགོ་ནི་དེ་གིས་ཨིན་པས།
ཨིན་རུང་ སང་ཕོད་ཀྱི་ ལོ་འགོ་བཙུགས་ཁམས་ལས་ ད་རེས་ནངས་པ་བཟུམ་སྦེ་ ཐབ་ཤིང་འཐུ་ནིའི་ལཱ་ འབད་དགོཔ་མི་ཐོན་ནི་ཨིནམ་ལས་ དཔེ་ཆ་ལྟ་ནི་ལུ་ བརྩོན་འགྲུས་བསྐྱེད་ཚུགས་པའི་ རེ་བ་ཡོདཔ་ད་ ད་རེས་ནངས་པ་ རྒེད་འོག་ནང་ གྲོང་གསེབ་གློག་མེའི་ ལཱ་ཚུ་འབད་བའི་བསྒང་ཡོདཔ་ད་ ཁོ་བཟུམ་སྦེ་ མི་སེར་མང་ཤོས་ཅིག་གི་ སེམས་ཁ་ལས་འབད་རུང་ གྲོང་གསེབ་ཀྱི་ གནས་སྟངས་གསརཔ་ཅིག་ལུ་ ལྷོད་ཚུགས་པའི་རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
སྐྱེངས་མཁར་རྒེད་འོག་གི་ གྲོང་གསེབ་ནང་ གློག་མེ་བཙུགས་ནིའི་ལཱ་དེ་ཡང་ དུས་ཅི་ སྤྱི་ཟླ་༢ པ་ མཇུག་བསྡུ་ཁམས་ལུ་ འགོ་བཙུགས་ཡོདཔ་ད་ ད་རེས་ནངས་པ་ གློག་མེ་བཀྲམ་སྤེལ་འབད་ནིའི་ལཱ་དེ་ ལེགས་ཤོམ་སྦེ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དེ་ཡང་ གློག་ཐག་སྤྲིང་ནིའི་དོན་ལུ་ ཚལ་མ་ཚུ་རྫམ་ཐོག་ལས་ གློག་མེའི་ཀཝ་ཚུ་ཡང་ ལྷོང་་དོ་ཡོདཔ་ཨིན་པས།
གྲོང་གསེབ་གློག་མེའི་ལས་འགུལ་དེ་ལུ་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ རྒྱབ་སྐྱོར་ཐོག་ལས་ ཟད་འགྲོ་དངུལ་ཀྲམ་འབུམ་༢༧.༦ དེ་ཅིག་ བྱིན་ཡོདཔ་ད་ ས་ཁོངས་ཀྱི་བཟོ་རིག་འགོ་དཔོན་ ཀརྨ་རྒྱ་མཚོ་གིས་ སླབ་མིའི་ནང་ གློག་མེ་བཙུགས་ནིའི་ལཱ་དེ་ ད་ལྟོ་ཚུན་ བརྒྱ་ཆ་༤༨ དེ་ཅིག་ མཇུག་བསྡུ་ཚར་ཡི་ཟེར་ཨིནམ་ད་ དེ་ཡང་ མཐུན་རྐྱེན་ཀཝ་དང་ ཐགཔ་ཚུ་ ས་ཁོངས་ཚུ་ནང་ ལྷོད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ གློག་མེའི་ཞབས་ཏོག་དེ་ སང་ཕོད་སྤྱི་ཟླ་༤ པའི་ནང་ གཞུང་གི་དམིགས་གཏད་དང་འཁྲིལ་ བཀྲམ་སྤེལ་འབད་ཚུགས་ནིའི་དོན་ལུ་ ལཱ་ཚུ་རྩ་འགེངས་ཏེ་ འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ དེ་ཡང་ ད་རེས་ནངས་པ་ ས་ཁོངས་ལ་ལུ་ཅིག་ནང་ ཀཝ་ཚུ་ལྷོང་ཚར་ཡོདཔ་མ་ཚད་ ཐགཔ་ཚུ་ཡང་ སྤྲིངས་ཡོདཔ་ད་ ལ་ལུ་ཅིག་ནང་ ཀཝ་ལྷོང་པའི་བསྒང་ཡོདཔ་ཨིན་པས།
གློག་མེ་བཀྲམ་སྤེལ་གྱི་ལཱ་ནང་ འཕྲུལ་རིག་གི་ལཱ་ཚུ་ རྒྱ་གར་གྱི་ལས་མི་དང་ དོས་ཕར་ཚུར་བསྐྱལ་ནི་དེ་ འབྲུག་མི་ཚུ་གིས་ འབད་དོ་ཡོདཔ་ད་ ད་རེས་ནངས་པ་ གློག་མེ་བཀྲམ་སྤེལ་གྱི་ ས་ཁོངས་ནང་ ལཱ་འབད་མི་ འབྲུག་དང་ རྒྱ་གར་གྱི་ལས་མི་༤༠ ལྷགཔ་ཅིག་ ཡོདཔ་ཨིན་པས།
སྐྱེས་ལོ་༣༨ ལང་མི་ ཨོ་ལོ་སྐྱིད་གཡུས་ཚན་ལས་ འཇིགས་མེད་ཤེས་རབ་ཀྱིས་ དྲོ་པ་ལས་ར་ ཐབ་ཤིང་འཐུ་བར་ འགྱོ་མི་དེ་ཡང་ ཁོ་རའི་གཡུས་ཚན་ལས་ ནགས་ཤིང་ཡོད་སར་ དུས་ཡུན་ཆུ་ཚོད་༡ ལྷག་སྟེ་ འགོར་དོ་ཡོདཔ་ལས་ ཉིནམ་༢ ལུ་ ཐབ་ཤིང་ཁུར་ཆ་༢ དེ་ཅིག་ལས་བརྒལ་ ལྷོད་མི་ཚུགས་པས་ཟེར་ཨིནམ་ད་ ཐབ་ཤིང་ལག་ལེན་འཐབ་སྡོད་ནི་དེ་ ལཱ་ཁག་འདུག་ཟེར་ཨིན་པས།
ཨིན་རུང་ འཇིགས་མེད་ཀྱིས་ འཕྲལ་མགྱོགས་ར་ ཐབ་ཤིང་འཐུ་བར་ འགྱོ་མི་དགོ་ནི་ཨིནམ་ལས་ སེམས་དགའ་སྟེ་ཡོདཔ་ད་ དེ་ཡང་ ཁོ་རའི་ མི་ཚེ་རིང་ གཡུས་ཚན་དེ་ནང་ གློག་མེ་ལྷོད་ཚུགས་པའི་ རེ་བ་མེད་མི་དེ་ཡང་ མཐའ་ཟུར་གྱི་ གཡུས་ཚན་ཅིག་འབད་མི་ལུ་བརྟེན་ཨིནམ་ད་ ཨིན་རུང་ ཁོ་རའི་ མི་ཚེ་ཕྱེད་ཀ་རྫོགསཔ་ད་ གློག་མེ་ལྷོད་ཚུགས་ནི་ཨིནམ་ལས་ སེམས་དགའ་བས་ཟེར་ སླབ་ཨིན་པས།
ཁོ་གིས་སླབ་མིའི་ནང་ མི་ཚུ་གིས་ བྱ་ཐབས་མེད་པར་ ཐབ་ཤིང་དེ་ར་ ལག་ལེན་འཐབ་དགོཔ་ལས་བརྟེན་ ནགས་ཚལ་ལུ་ཡང་ གནོད་པ་སྦོམ་བྱུངམ་མས་ཟེར་ཨིནམ་ད་ དེ་ཡང་ ལོ་བསྟར་བཞིན་དུ་ ཐབ་ཤིང་ལེན་པར་ ས་ཐག་རིང་སར་ འགྱོ་དགོཔ་ཐོན་མི་དེ་ཡང་ ནགས་ཚལ་ནང་ ཤིང་ཉུང་སུ་ འགྱོ་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ སྟོང་ལ་གཡུས་ཚན་ལས་ ངག་དབང་གིས་ སླབ་མིའི་ནང་ གློག་མེའི་མཐུན་རྐྱེན་ལྷོད་པའི་བསྒང་ལས་ མི་སེར་སོ་ནམ་པ་གིས་མ་ཚད་ ཞི་གཡོགཔ་ཚུ་ལུ་ཡང་ ཕན་ཐོགས་སྦོམ་འབྱུང་ཚུགས་ཟེར་ཨིནམ་ད་ ད་རེས་ནངས་པ་འབད་བ་ཅིན་ ཐབ་ཤིང་ལག་ལེན་འཐབ་སྟེ་ ལྟོ་འབད་ནི་དེ་ ལཱ་ཁག་ཡོདཔ་མ་ཚད་ གསོ་བའི་འཕྲོད་བསྟེན་ལུ་ཡང་ གནོདཔ་མས་ཟེར་ཨིན་པས།
གཞན་མི་ཅིག་གིས་ སླབ་མིའི་ནང་ སང་ཕོད་ལས་ ས་མར་ཁུ་དང་ ཐབ་ཤིང་ལག་ལེན་ འཐབ་མ་དགོ་པའི་བསྒང་ལས་ སྟབས་བདེ་ནི་མས་ཟེར་ཨིནམ་ད་ དེ་ཡང་ གཡུས་ཚན་ནང་ ཤི་རྐྱེན་རེ་བྱུང་བའི་སྐབས་ གློག་མེ་མེད་ནི་དེ་གིས་ ས་མར་ཁུ་ལེན་པར་ རྒྱལ་པོའི་ཞིང་ལུ་ འགྱོ་དགོཔ་མ་ཚད་ རེ་ཚེ་སྐབས་ ཐོབ་མ་ཚུགས་པར་ ཧེང་སྐལ་ར་ གནས་སྟངས་སྐྱོ་སུ་ འགྱོ་ནི་ཡོད་ཟེར་ཨིན་པས།
སྐྱེངས་མཁར་རྒཔོ་ ཀརྨ་རྡོ་རྗེ་གིས་ སླབ་མིའི་ནང་ རྒེད་འོག་དེ་ནང་ གསོ་བའི་གཞི་རྟེན་སྨན་ཁང་དང་ སློབ་གྲྭ་ཡོདཔ་མ་ཚད་ འཕྲལ་མགྱོགས་ར་ འཁོར་ལམ་དེ་ རྒེད་འོག་ནང་ ལྷོད་ཚུགས་ནི་ཨིནམ་ལས་ རྒེད་འོག་ནང་ གློག་མེ་ལྷོད་པའི་བསྒང་ལས་ མི་སེར་ཚུ་གིས་ དེང་སང་གི་ མཐུན་རྐྱེན་ཞབས་ཏོག་ཚུ་ འཐོབ་ཚུགས་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གློག་མེ་མེད་པའི་སྐབས་ ཐབ་ཤིང་ལག་ལེན་འཐབ་སྟེ་ རང་བཞིན་གནས་སྟངས་ལུ་ གནོད་པའི་ཉེན་ཁ་དེ་ ལོག་ལྟབ་ཀྱིས་ མར་ཕབ་འབད་ཚུགས་ནི་ ཨིན་མི་དེ་ཡང་ རྒེད་འོག་གི་ མི་སེར་ཆ་མཉམ་གྱིས་ ལྟོ་འབད་ནིའི་ཅ་ཆས་ ར་ཡེསི་ཀུ་ཀར་དང་ ཀ་རི་ཀུ་ཀར་ཚུ་ ཉོ་མ་ཚུགས་མི་ ག་ཡང་མེདཔ་ལས་ ཕན་ཐོགས་སྦོམ་འབྱུང་ནི་མས་ཟེར་ཨིན་པས།
གློག་མེའི་ཞབས་ཏོག་ ལྷོད་པའི་བསྒང་ལས་ མི་མང་ཞབས་ཏོག་གི་དོན་ལུ་ བརྡ་དོན་ལྟེ་བ་ཚུ་ཡང་ གཞི་བཙུགས་འབད་ཚུགས་ནི་ཨིནམ་ལས་ མི་སྡེ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་འོང་ཟེར་ཨིན་པས།
ད་རེས་ནངས་པའི་ གནས་སྟངས་ནང་ རྒེད་འོག་བདག་སྐྱོང་ལྟེ་བ་དང་ སྨན་ཁང་ སློབ་གྲྭ་ དེ་ལས་ རང་བཞིན་སླར་འབྱུང་ཡིག་ཚང་ཚུ་ ཉི་དྲོད་གློག་མེའི་ ཞབས་ཏོག་ཡོདཔ་མ་ཚད་ རྒེད་འོག་དེ་ནང་ ཁྱིམ་གུང་པ་༤༢༨ ཡོད་ས་ལས་ གུང་པ་༧༢ ལུ་ ཉི་དྲོད་གློག་མེ་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment