གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡུས་མི་ཚུ་གིས་ ཨོམ་བཀྲམ་སྤེལ་འབད་མ་བཏུབ་པའི་དཀའ་ངལ།

༢༩/༨/༢༠༡༢   ༉ ཀྲོང་གསར་རྫོང་ཁག་ བྲག་སྟེང་རྒེད་འོག་གི་ བྲག་སྟེང་ཨོམ་སྤྱི་མཐུན་ཚོགས་པའི་ ཨོམ་བཀྲམ་སྤེལ་འབད་མི་ གཡུས་ཁའི་འཐུས་མི་ཚོགས་པ་ཚུ་གིས་ ཨོམ་བཀྲམ་སྤེལ་འབད་མ་བཏུབ་པའི་ དཀའ་ངལ་བྱུང་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ ཨོམ་དཀྲོགས་ཏེ་ དར་ཚིལ་སྒོང་བའི་བསྒང་།


ཚོགས་པའི་ལྟེ་བ་ནང་ལཱ་འབད་མི་ བཀྲིས་ཆོས་སྒྲོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ལྟེ་བ་ནང་གི་ གཡུས་ཚན་ལྔ་ལས་ འཐུས་མི་བསྡོམས་༤༨ དེ་ཅིག་གིས་ ཐོ་བཀོད་འབད་དེ་ ཨོམ་བཀྲམ་སྤེལ་འབད་ནི་སྦེ་ཡོདཔ་ཨིན་རུང་ འདས་པའི་ཟླཝ་དག་པ་ཅིག་གི་ཧེ་མ་ལས་ མང་སྡེ་ཆུ་གློག་མེ་ལས་འགུལ་ འགོ་བཙུགས་པའི་ཤུལ་ལས་ འཐུས་མི་༢༨ དེ་ཅིག་གིས་ ཨོམ་བཀྲམ་སྤེལ་འབད་མ་བཏུབ་ཟེར་ཨིན་པས།
མོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལས་འགུལ་ནང་ལཱ་འབད་མི་ཚུ་གིས་ ཨོམ་ལི་ཊར་རེ་ལུ་ དངུལ་ཀྲམ་༤༠ དེ་རེ་ བྱིན་དོ་ཡོད་པའི་ཁར་ ལྟེ་བ་ནང་ལས་ དངུལ་ཀྲམ་༢༥ ལས་ཐོབ་ནི་མེདཔ་ལས་ ཁེ་སང་ཡོད་མི་ལུ་བཙོང་ནི་འདུག་ཟེར་ཨིནམ་ད་ འཐུས་མི་ལ་ལུ་ཅིག་གི་ ཨོམ་བཞོ་ནི་ཡོད་པའི་ནོར་ཚུ་ ཤི་ཡོདཔ་ཨིན་པས།
བཀྲ་ཤིས་ཆོས་སྒྲོན་གྱིས་འབད་བ་ཅིན་ འཐུས་མི་ག་ར་གིས་ ཨོམ་བཀྲམ་སྤེལ་འབད་བ་ཅིན་ ཉིནམ་ཅིག་ནང་ ཨོམ་ལི་ཊར་༩༠༠ ལྷགཔ་རེ་ བསྡུ་ནི་ཡོད་རུང་ འདས་པའི་ཟླཝ་དག་པ་ཅིག་ལས་ འཐུས་མི་༢༨ ཀྱིས་མ་གཏོགས་ ཨོམ་བཀྲམ་སྤེལ་འབད་མི་མེདཔ་ལས་ ཉིནམ་ཅིག་ནང་ ལི་ཊར་༦༠ དེ་རེ་ལས་བརྒལ་ མི་ཐོབ་པས་ཟེར་ཨིན་པས།
གནད་དོན་དེ་ལུ་བརྟེན་ ལྟེ་བ་གིས་ འདས་པའི་ཟླཝ་ནང་ ཨོམ་དང་ ཨོམ་བསྡུ་མི་སྣུམ་འཁོར་གླ་ཁར་ལེན་ཡོད་མི་གི་ གླ་ཆ་ཡང་ཚངམ་སྦེ་ སྤྲོད་མ་ཚུགས་མི་དེ་ ད་རེས་ཀྱི་ཟླཝ་ནང་སྤྲོད་ཡོདཔ་ཨིན་རུང་ ཨོམ་བཀྲམ་སྤེལ་འབད་མི་༦ ལུ་ རིན་སྤྲོད་མ་ཚུགས་པར་ལུས་ཡོདཔ་ཨིན་པས།
དེ་མ་ཚད་ ལྟེ་བ་གི་ཨོམ་དཀྲོག་མི་ འཕྲུལ་ཆས་དེ་ཡང་ མེདཔ་ཐལ་ཏེ་ཡོདཔ་ལས་ ཨོམ་དཀྲོག་ནི་ཚུ་ མོ་རའི་ ལགཔ་གིས་ འབད་དགོཔ་ལས་ དུས་ཚོད་འགོར་བའི་ཁར་ ཨོམ་མང་ནི་དེ་གིས་ མི་ཅིག་གིས་འབད་མི་ཚུགས་དོ་ཡོདཔ་ཨིན་པས།
བཀྲ་ཤིས་ཆོས་སྒྲོན་གྱིས་ འཕྲུལ་ཆས་མེདཔ་ཐལ་མི་ལུ་བརྟེན་ དརཝ་དང་ མར་གཉིས་ཆ་ར་ དོང་ཅིག་ལས་ཐོན་ནི་དེ་གིས་ ག་ར་ མོ་ར་གིས་འབད་དོ་ཟེར་ཨིན་རུང་ དར་ཚིལ་སྒོང་ནི་དེ་ དྲོད་ཡོད་པའི་སྐབས་ལུ་ར་ འབད་དགོཔ་ལས་ མི་ཅིག་གིས་འབད་མ་ཚུགས་མི་ལུ་བརྟེན་ ཨ་རྟག་ར་ ཉེ་འདབས་ལུ་ཡོད་མི་ ཆ་རོགས་ཨམ་ཚུ་ལས་གྲོགས་རམ་འཚོལ་དོ་ཟེར་ཨིན་པས།
མོ་གིས་ ལྟེ་བ་ནང་ལཱ་འབད་ནི་གི་དོན་ལུ་ ཉུང་ཤོས་ མི་གཉིས་དགོཔ་འདུག་ཟེར་ཨིནམ་ད་ འཕྲུལ་ཆས་དེ་མེད་པ་ཅིན་ ལཱ་འབད་མི་ཚུགས་ནི་མས་ཟེར་ཨིན་པས།
ལྟེ་བ་གིས་ དར་ཚིལ་སྒོང་རེ་ལུ་ དངུལ་ཀྲམ་༣༥ རེ་སྦེ་ བཙོང་དོ་ཡོདཔ་ད་ མར་དེ་ ཉིནམ་གསུམ་གྱི་རྒྱབ་ལས་ཚར་རེ་ བཙོང་དོ་ཡོད་རུང་ མ་དངུལ་ལང་མ་ཚུགས་པའི་དཀའ་ངལ་ཐོན་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཀྲོང་གསར་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment