གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྡོ་གཞོང་དགོན་པའི་ དུར་ཁྲོད་ལུ་ མཐུན་རྐྱེན་ཚུ་ བཟོ་སྐྲུན་འབད་ནི།

༣༠/༨/༢༠༡༢   ༉ ཀྲོང་གསར་ནུབ་སྦིས་རྒེད་འོག་ རྡོ་གཞོང་དགོན་པའི་དུར་ཁྲོད་དེ་ ཉེ་འདབས་ཀྱི་ རྒེད་འོག་ཚུ་གིས་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ལག་ལེན་འཐབ་ཚར་བའི་ཤུལ་ལས་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོག་བཞག་མི་དེ་གིས་ གཞུང་ལམ་བདའ་སྟེ་ འགྲུལ་སྐྱོད་འབད་མི་ཚུ་ འདྲོག་འཇིགས་འཐབ་བཅུག་དོ་ཡོདཔ་ཨིན་པས།
རྡོ་གཞོང་དགོན་པ་ལུ་ རོ་མེ་བཏང་མི་ཚུ་གིས་ ཤིང་གི་འཚིགས་རོ་དང་ གཤིན་པོའི་གོ་ལ་ཚུ་ གཞུང་ལམ་གྱི་འོག་ལས་མར་ ག་ལྷོད་བཀོག་བཞག་པའི་མཐོང་སྣང་།


དུར་ཁྲོད་དེ་ནང་ རོ་མེ་བཏང་མི་ཚུ་གིས་ ཤིང་གི་འཚིགས་རོ་དང་ གཤིན་པོའི་གོ་ལ་ཚུ་ བདག་འཛིན་ལེགས་ཤོམ་སྦེ་ མ་འཐབ་པར་ འཁོར་ལམ་གྱི་འོག་ལས་ཕར་ ག་གིས་ཡང་མཐོངམ་སྦེ་ བཀོག་བཞག་དོ་ཡོདཔ་ཨིན་པས།
བུ་ལི་སྤང་ལས་ པདྨ་དོན་གྲུབ་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ དུར་ཁྲོད་དེ་ ས་གནས་ཀྱི་ མི་ཚུ་གིས་རྐྱངམ་གཅིག་མེན་པར་ ས་གནས་ཁག་གི་ མི་ཚུ་གིས་ཡང་ རོ་ཚུ་འབག་འོང་སྟེ་ མེ་སྦྱང་འབད་དོ་ཡོདཔ་ལས་ ས་ཁོངས་དེ་ ཁམས་ལོག་སི་སི་ཅིག་ལུ་ གྱུར་སོ་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྐྱེས་ལོ་༨༡ ལང་མི་རོ་ཚུ་ མེ་བཏང་མ་བཏུབ་ཨིན་རུང་ ས་གནས་གཞན་ཁའི་ མི་ཚུ་གིས་ རྡོ་གཞོང་དགོན་པ་ལུ་ འབག་འོང་སྟེ་ མེ་སྦྱང་འབད་མི་དེ་ལུ་ ལྟ་རྟོག་འབད་དགོཔ་ཡོད་མི་དེ་ཡང་ གཡུས་སྒོའི་མི་དང་ ལོ་ཐོག་ཚུ་ལུ་ གནོད་ནིའི་ཉེན་ཁ་ ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
རྡོ་གཞོང་དགོན་པ་ལས་ སྐྱེས་ལོ་༧༣ ལང་མི་ སྐལ་བཟང་གིས་ སླབ་མིའི་ནང་ མི་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ ཚོགས་པ་ལུ་ ཡིག་ཐོག་སྙན་ཞུ་ཚུ་འབད་ཡོད་རུང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ངོས་ལེན་ཅིག་ ག་ནི་ཡང་ འབད་ནི་མིན་འདུག་ཟེར་ཨིནམ་ད་ དུར་ཁྲོད་ལག་ལེན་འཐབ་མི་ཚུ་གིས་ གཡུས་ཚན་དེ་གི་ ཆུ་དུང་ཚུ་ཡང་ འཕྲལ་འཕྲལ་སྦེ་ར་ མེདཔ་བཏང་བཞག་དོ་ ཡོདཔ་ཨིན་པས།
དུར་ཁྲོད་དེ་ བུམ་ཐང་དང་ ཀྲོང་གསར་གྱི་ གཞུང་ལམ་ཟུར་ཁར་ཨིནམ་ལས་ ཕར་ཚུར་འགྲོ་འགྲུལ་འབད་མི་ཚུ་གིས་ ཧང་སྟོང་མར་ རོ་མེ་བཏང་ས་མཐོངམ་ད་ འདྲོག་འཇིགས་ལང་དོ་ཡོདཔ་ཨིན་པས།
ཆུ་སྨད་ཀྱི་ཚོང་པ་ ཨམ་སྲུ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཚོད་བསྲེ་ཚུ་ ཀྲོང་གསར་ལས་ བཏོན་འབག་འོང་དོ་ཡོདཔ་ལས་ འཕྲལ་འཕྲལ་སྦེ་ར་ འགྲོ་འགྲུལ་འབད་བའི་སྐབས་ རོ་མེ་བཏང་སར་མཐོངམ་ལས་ འཇིགས་སྣང་ལངམ་མས་ཟེར་ཨིནམ་ད་ ལམ་བདའ་སྟེ་ འགྲུལ་སྐྱོད་འབད་མི་ཚུ་གིས་ མི་མཐོང་ནིའི་དོན་ལུ་ རྩིག་གྱང་ཅིག་ ངེས་པར་དུ་ རྐྱབ་དགོཔ་འདུག་ཟེར་ཨིན་པས།
སྐལ་བཟང་གིས་ སླབ་མིའི་ནང་ ས་གནས་གཞན་ཁར་ལས་ རོ་མེ་བཏང་པར་ འབག་འོང་མི་ཚུ་གིས་ མེ་སྦྱང་འབད་ཚར་བའི་ཤུལ་ལས་ གཤིན་པོའི་ གོ་ལ་ར་རྡུག་ཚུ་ ལམ་འོག་ལས་མར་ ག་ལྷོད་བཀོག་བཞགཔ་མ་ཚད་ ཐ་ན་ རོ་ཐལ་ཡང་ ལེགས་ཤོམ་སྦེ་བསྡུ་སྟེ་ མི་འབག་པས་ཟེར་ཨིན་པས།
ཨིན་རུང་ དུར་ཁྲོད་ལག་ལེན་འཐབ་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྡོ་གཞོང་དགོན་པའི་ དུར་ཁྲོད་ས་ཁོངས་ནང་ རོ་བཞག་ས་དང་ མི་སྡོད་སའི་དོན་ལུ་ སྡོད་ཁྱིམ་ཚུ་ རྐྱབ་དགོཔ་འདུག་ཟེར་ཨིན་པས།
ནུབ་སྦིས་རྒཔོ་ བཀྲ་ཤིས་དཔལ་ལྡན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ དུས་ཅི་གི་ རྩིས་ལོ་ནང་ དུར་ཁྲོད་དེ་ རྒྱ་བསྐྱེད་འབད་ནི་ཨིན་པའི་ཁར་ མགྱོན་ཁྱིམ་ཡང་ བཟོ་སྐྲུན་འབད་ནི་ཨིན་ཟེར་ཨིན་པས།
དེ་མ་ཚད་ ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་ཚུ་གིས་ རོ་མེ་བཏངམ་ད་ མི་མཐོང་ནིའི་དོན་ལུ་ རྩིགཔ་རྐྱབ་ནི་གི་ གྲོས་ཐག་བཅད་ཡོདཔ་ལས་ འཕྲལ་མགྱོགས་ར་ ཁག་འབགཔ་ཚུ་ལུ་ རིན་བསྡུར་འབད་ནི་ཨིན་ཟེར་ཨིན་པས།
རྡོ་གཞོང་དགོན་པའི་ དུར་ཁྲོད་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ཞིནམ་ལས་ ཚུལ་མཐུན་ལག་ལེན་ འཐབ་བཅུག་ནིའི་དོན་ལུ་ རྒེད་འོག་ཚོགས་སྡེ་ནང་ གསུང་གྲོས་གནང་ནི་ཨིན་པའི་གནས་ཚུལ།

ཀྲོང་གསར་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment