གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སོ་ནམ་ཞིང་ལམ་ལུ་བརྟེན་ མི་སེར་ཚུ་གི་འཚོ་བའི་གནས་སྟངས་ ཡར་དྲག་གཏང་ཚུགས་པའི་རེ་བ།

༢༧/༨/༢༠༡༢    ༉ སྐྱེངས་མཁར་རྒེད་འོག་ ན་ཀོ་ལོག་གཡུས་ཚན་ལས་ སྐྱེས་ལོ་༤༦ ལང་མི་ རིན་ཆེན་རྡོ་རྗེ་གིས་ ཁོ་རའི་ཁྱིམ་གྱི་མཐའ་འཁོར་ལུ་དང་ ཤིང་འབྲས་ལྡུམ་ར་ནང་ ཚལ་ལུ་ཤིང་ བརྒྱ་ལྷགཔ་ཅིག་ ཡོད་མི་ཚུ་ལས་ ཚལ་ལུ་ཚུ་ ཚོང་འབྲེལ་འཐབ་རེན་ཡོདཔ་བཞིན་དུ་ ཧེ་མ་བཟུམ་སྦེ་ རྟ་གུ་བཀལ་ཏེ་ རྒྱལ་པོའི་གཞིང་དང་ པདྨ་དགའ་ཚལ་ལུ་ འགྱོ་མི་དགོ་ནི་ཨིནམ་ལས་ སེམས་དགའ་སྟེ་ ཡོདཔ་ཨིན་པས།
སོ་ནམ་ཚོང་འབྲེལ་ རྒྱ་བསྐྱེད་ལུ་ ལྷན་ཐབས་ཅན་གྱི་ཞིང་ལམ།


དེ་ཡང་ དུས་ཅི་ལས་ ཁོང་རའི་རྒེད་འོག་ནང་ འཁོར་ལམ་གྱི་ཞབས་ཏོག་ ལྷོད་ཡོད་མི་ལུ་བརྟེན་ཏེ་ཨིནམ་ད་ ད་ལས་ཕར་ ཁོ་བཟུམ་སྦེ་ རྒེད་འོག་གི་མི་སེར་ གཞན་ཚུ་གིས་ཡང་ སོ་ནམ་ཐོན་སྐྱེད་ཚུ་གི་གྲས་ལས་ དམིགས་གསལ་ ཚལ་ལུ་ཤིང་ཚུ་ འཛུགས་སྐྱོང་འབད་ནི་ལུ་ ཤུགས་བཏོན་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཧེ་མ་ལས་ དུམ་གྲ་རེ་ འཛུགས་སྐྱོང་འབད་ཡོད་མི་ཚུ་གིས་ ད་རེས་ ཚོང་ལམ་ལེགས་ཤོམ་ མཐོང་ནི་དེ་གིས་ ཚལ་ལུ་ཤིང་ཚུ་ ཧེ་མ་བ་ལྷགཔ་སྦེ་ བདག་འཛིན་འཐབ་ས་ མཐོངམ་ཨིན་པས།
ད་ལྟོ་ཚུན་ལུ་ ས་གནས་ཀྱི་མི་སེར་ཚུ་གིས་ ལོ་ཐོག་ཚུ་གི་གྲས་ལས་ གེ་ཟ་ལུ་ཤུགས་བཏོན་སྡོད་མི་དེ་ཡང་ དངུལ་ཐོག་ ཀེ་བ་དང་ ཚལ་ལུ་ཚུ་ ཐོན་ཤུགས་ག་དེམ་ཅིག་ལེགས་རུང་ ཚོང་འབྲེལ་འཐབ་ནི་ལུ་ ལཱ་ཁག་ཡོད་ནི་དེ་གིས་ཨིནམ་ད་ ལཱ་ཁག་སྦེ་འབག་སྟེ་ ཚོང་འབྲེལ་འཐབ་སའི་ ས་ཁོངས་ཚུ་ནང་བསྐྱེལ་རུང་ གོང་ཚད་ཚུ་ ལེགས་ཤོམ་ འཐོབ་མ་ཚུགས་ནི་དེ་གིས་ཨིན་ཟེར་ སོ་ནམ་ཞིང་པ་ རིན་ཆེན་རྡོ་རྗེ་གིས་ སླབ་ཅི།
དེ་བཟུམ་སྦེ་ ན་ཧིང་གི་ལོ་ནང་ ཞིང་ལམ་དེ་ སྐྱེངས་མཁར་གཡུས་ཚན་གྱི་ ཉེ་འདབས་ལུ་ཚུན་ ལྷོད་ཚུགས་མི་ལུ་བརྟེན་ ཚལ་ལུ་ཚུ་བཙོང་སྟེ་ དངུལ་ཀྲམ་༣༠,༠༠༠ དེ་ཅིག་ ཐོབ་ཚུགས་ཅི་ཟེར་ཨིནམ་ད་ དུས་ཅི་འབདཝ་ད་ འཁོར་ལམ་དེ་ རྒེད་འོག་ལྟེ་བ་ཚུན་ ལྷོད་ཚུགས་མི་དང་ ཚལ་ལུ་གི་ཐོན་བསྐྱེད་ཡང་ ལེགས་ཤོམ་ཡོདཔ་ལས་ འོང་འབབ་དངུལ་ཀྲམ་༦༠,༠༠༠ དེ་ཅིག་ འཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ རིན་ཆེན་གྱིས་ སླབ་ཨིན་པས།
ད་རེས་ ཁོ་ལུ་ ཚལ་ལུ་ཤིང་ བརྒྱ་ལྷགཔ་ཅིག་ཡོད་མིའི་གུ་ འཁོར་ལམ་གྱི་ཁེ་ཕན་ལུ་དམིགས་ཏེ་ འདས་པའི་ལོ་ནང་ ཚལ་ལུ་ཤིང་གི་ལྕངམ་༢༠ དེ་ཅིག་ གསརཔ་འཛུགས་སྐྱོང་ འབད་ཡོདཔ་མ་ཚད་ ད་ལས་ཕར་ཡང་ ཚལ་ལུ་ཤིང་ཚུ་ ག་དེ་མང་མང་ བཙུགས་ནི་གི་ རེ་བ་ཡོདཔ་ལས་ མ་འོངས་པ་ལུ་ ཚལ་ལུ་ལུ་བརྟེན་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ན་ན་རི་གཡུས་ཚན་ལས་ སོ་ནམ་ཞིང་པ་ ཆོས་གྲུབ་ཀྱིས་ སླབ་མིའི་ནང་ རྒེད་འོག་ནང་གི་ མི་སེར་སོ་ནམ་པ་མང་ཤོས་ཅིག་ལུ་ ཚལ་ལུ་ཤིང་ཡོདཔ་མ་ཚད་ ད་རུང་ ཚལ་ལུ་ཤིང་ཚུ་ ཧེང་སྐལ་ར་ འཛུགས་སྐྱོང་འབད་དོ་ཟེར་ཨིན་པས།
དེ་བཟུམ་སྦེ་ཁོ་གིས་ཡང་  འདས་པའི་ལོ་༢ ཀྱི་ཧེ་མར་ ཚལ་ལུ་ཤིང་གི་ལྕངམ་༥༠ དེ་ཅིག་ བཙུགས་མི་ཚུ་གིས་ མགྱོགས་པ་ར་ རྡོག་མ་བཏགས་ནི་ཨིནམ་ལས་ འོང་འབབ་ སྦོམ་སྦེ་ར་བཟོ་ཚུགས་པའི་ རེ་བ་ཡོད་ཟེར་བཤད་ཅི།
རིན་ཆེན་གྱིས་ སླབ་མིའི་ནང་ སྐྱེངས་མཁར་རྒེད་འོག་ལས་ ལོ་བསྟར་བཞིན་དུ་ ཚལ་ལུ་སྣུམ་འཁོར་ཊཱག་དོས་༤ དེ་རེ་ཐོན་བསྐྱེད་འབད་དོ་ཡོདཔ་མ་ཚད་ ད་ལས་ཕར་ ཤིང་ཐོག་འཛིན་སྐྱོང་གི་ སྦྱོང་བརྡར་ཡང་ཐོབ་ཡོདཔ་ལས་ ཚལ་ཤིང་ཚུ་ མངམ་སྦེ་བཙུགས་ཏེ་ མི་སེར་ཚུ་གི་ འཚོ་བའི་གནས་སྟངས་དེ་ ལེགས་བསྒྱུར་འབད་ ཚུགས་ནི་མས་ཟེར་ཨིན་པས།
སྐྱེངས་མཁར་རྒེད་འོག་གི་ སོ་ནམ་འགོ་དཔོན་ ཨྱོན་ཚེ་རིང་གིས་ སླབ་མིའི་ནང་ གཡུས་ཚན་དེ་ནང་ ཚལ་ལུའི་ཐོན་སྐྱེད་ཚུ་ ལེགས་དོ་ཡོདཔ་ལས་ སོ་ནམ་ཞིང་ལམ་ལུ་བརྟེན་ ད་ལས་ཕར་ མི་སེར་ཚུ་ ཚོང་འབྲེལ་འཐབ་ནིའི་ནང་ ཧེ་མ་བཟུམ་སྦེ་ དཀའཝ་སྤྱད་མི་དགོ་ནི་དང་ དངུལ་ཐོག་ལུ་བརྟེན་ འཚོ་བའི་གནས་སྟངས་ཡང་ ཡར་དྲག་གཏང་ནི་ལུ་ ཕན་ཐོགས་སྦོམ་ འབྱུང་ཚུགས་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ མི་སེར་ཚུ་གིས་ ཤིང་ཐོག་འཛུགས་སྐྱོང་འབད་ནི་ལུ་ སེམས་ཤུགས་ བསྐྱེད་བཅུག་དོ་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment