གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གི་དངུལ་ཁང་གིས་ ཀེ་རེ་ཌིཊ་ ཀཱཌ་༣ འགོ་བཙུགས་ཡོདཔ།

༢༡/༨/༢༠༡༢    ༉ དུས་ཅི་ སྤྱི་ཟླ་༡ པའི་ནང་ འབྲུག་གི་དངུལ་ཁང་གིས་ ཝི་ཟ་ ཌེ་བིཊ་ ཀཱཌ་ཚུ་ འགོ་བཙུགས་པའི་ཤུལ་ལས་ ད་རུང་ ཁ་ཙ་ ཐིམ་ཕུ་ ཏཱཇི་བཟའ་ཁང་ནང་སྦེ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ འབྲུག་གི་དངུལ་ཁང་གི་ དངུལ་འཛིན་ ཀེ་རེ་ཌིཊ་ ཀཱཌ་ཚུ་ འགོ་འབྱེད་གནང་ཡི།


བློན་ཆེན་མཆོག་གིས་ ཀེ་རེ་ཌིཊ་ ཀཱཌ་མ་འདྲཝ་༣ འགོ་འབྱེད་འབད་ཡོད་མི་ཚུ་ཡང་ རྒྱལ་སྤྱི་ཝི་ཟ་ གཱོལཌི་ ཀེ་རེ་ཌིཊ་ ཀཱཌ་དང་ ནང་འཁོད་ཝི་ཟ་ གཱོལཌི་ ཀེ་རེ་ཌིཊ་ ཀཱཌ་ དེ་ལས་ ནང་འཁོད་སིལ་བཱར་ ཝི་ཟ་ ཀེ་རེ་ཌིཊ་ ཀཱཌ་ཚུ་ཨིན་པས།
ཀེ་རེ་ཌིཊ་ ཀཱཌ་དེ་ ལག་ལེན་འཐབ་པའི་སྐབས་ དངུལ་འཛིན་ཀཱཌ་ ཨེ་ཊི་ཨེམ་ཚུ་བཟུམ་སྦེ་ དངུལ་རྐྱང་བཏོན་མི་ཚུགས་ནི་ཨིན་རུང་ རང་གི་རྩིས་ཁྲ་ནང་ ཏི་རུ་གསོག་འཇོག་མེད་རུང་ སྐྱིན་འགྲུལ་ཐོག་ ཚོང་ཉོ་ནིའི་ལཱ་ཚུ་ འབད་ཚུགས་ནི་ཨིན་རུང་ སྐྱིན་འགྲུལ་ཐོག་ ལག་ལེན་འཐབ་པའི་ཏི་རུ་ཚུ་ དུས་ཡུན་ཟླཝ་༡ གི་ནང་འཁོད་ནང་ ལོག་དངུལ་ཁང་ནང་ བཙུགས་དགོཔ་ད་ དེ་མེན་ དངུལ་ཁང་གིས་ སྐྱེད་ལེན་ནི་ཨིན་པས།
དེ་ཚུ་གི་གྲས་ལས་ རྒྱལ་སྤྱི་གཱོལཌི་ ཝི་ཟ་ ཀེ་རེ་ཌིཊ་ ཀཱཌ་དེ་ རྒྱ་གར་དང་ ནེ་པཱལ་ དེ་ལས་ འབྲུག་གིས་མ་ཚད་ རྒྱལ་ཁབ་གཞན་ཚུ་ནང་ ཡུ་ཨེསི་ཌོ་ལར་གྱི་ཐོག་ལས་ ལག་ལེན་འཐབ་ཚུགས་ནི་དང་ གཞན་མི་༢ པོ་དེ་ འབྲུག་དང་ ནེ་པཱལ་ དེ་ལས་ རྒྱ་གར་རྒྱལ་ཁབ་ཚུ་ནང་ ལག་ལེན་འཐབ་བཏུབ་ནི་ཨིན་པས།
འགོ་འབྱེད་ཀྱི་སྐབས་ འབྲུག་གི་དངུལ་ཁང་གི་ཁྲི་འཛིན་ ཀརྨ་དབང་ཕྱུག་དཔལ་འབྱོར་གྱིས་འབད་བ་ཅིན་ དེ་བཟུམ་མའི་ ཀཱཌ་ཚུ་ཡང་ སྤྱི་ལོ་༢༠༠༣ ལུ་ བློན་ཆེན་མཆོག་གིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ འབྲུག་ལྟ་བཤལ་བཀོད་ཚོགས་ དེ་ལས་ འབྲུག་གི་དངུལ་ཁང་འབདཝ་ད་ ལས་སྡེ་༣ གྱིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་ཀྱི་དོན་ལས་ ཀཱཌ་གི་ལམ་ལུགས་ཐོག་ལས་ དངུལ་སྤྲོད་ལེན་ལམ་ལུགས་ཀྱི་ གཞི་རྟེན་ཚུ་ འགོ་བཙུགས་དགོ་པའི་ བཀའ་རྒྱ་གནང་མི་དང་འཁྲིལ་ཏེ་ ཨིན་ཟེར་ བཤདཔ་ཨིན་པས།
བཀའ་རྒྱ་དེ་དང་འཁྲིལ་ ཨེ་ཊི་ཨེམ་ ཀཱཌ་དང་ པི་ཨོ་ཨེསི་ཟེར་ རང་སོའི་ ཨེ་ཊི་ཨེམ་ ཀཱཌ་ཚུ་ ལག་ལེན་འཐབ་ཐོག་ལས་ དངུལ་སྤྲོད་བཏུབ་པའི་ ཚོང་འབྲེལ་ལྟེ་བ་ཚུ་ཡང་ འགོ་བཙུགས་ཡོདཔ་ཨིན་པས།
དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ པ་སངས་རྡོ་རྗེ་གིས་འབད་བ་ཅིན་ ད་རེས་ ཀེ་རེ་ཌིཊ་ ཀཱཌ་ འགོ་འབྱེད་འབད་མི་དེ་ དངུལ་ཁང་གི་ རྒྱལ་རབས་ཅན་གྱི་ དམིགས་དོན་ཅིག་གྲུབ་པའི་ བརྡ་མཚོན་ཨིནམ་མ་ཚད་ དེ་ཡང་ ཚོང་མགྲོན་པ་ཚུ་ལུ་ ཞབས་ཏོག་ཚུ་ སྤུས་ཚད་ཡར་དྲག་ཐོག་ བྱིན་ནིའི་དོན་ལུ་ཨིན་ཟེར་ སླབ་ཨིན་པས།
རྒྱལ་ཁབ་ནང་ ཝི་ཟ་ཀཱཌ་ ལག་ལེན་འཐབ་མི་ཚུ་གི་ གཞི་རྟེན་ཚུ་ ལེགས་ཤོམ་སྦེ་ བཟོ་ཚུགས་ནི་ལུ་ རེ་བ་བསྐྱེད་དོ་ཟེར་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་ སླབ་ཡོདཔ་ད་ དེ་དང་གཅིག་ཁར་ དངུལ་ཁང་གི་ཞབས་ཏོག་ཚུ་ གོང་འཕེལ་ཐོག་ བྱ་སྟབས་བདེ་ཏོག་ཏོ་ བཟོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ འབྲུག་ལུ་འོང་མི་ ལྟ་བཤལཔ་མང་ཤོས་ཅིག་གིས་ར་ དངུལ་རྐྱང་ཚུ་ འབག་མ་འོང་པར་ ཀཱཌ་ཚུ་ འབག་འོང་དོ་ཡོདཔ་ལས་ རྒྱལ་ཁབ་ནང་ ཚོང་འབྲེལ་ཚུ་ ལེགས་ཤོམ་སྦེ་ བྱུང་མ་ཚུགསཔ་ཨིན་རུང་ དུས་ཅི་ ཟླ་ངོ་དག་པ་ཅིག་གི་ཧེ་མར་ གཞི་བཙུགས་འབད་མི་ པི་ཨོ་ཨེསི་ཚུ་ལུ་བརྟེན་ ད་ལྟོ་ཚུན་ ཕྱི་རྒྱལ་གྱི་ མི་ཚུ་གིས་ དངུལ་ཀྲམ་ས་ཡ་༢༥༠ དེ་ཅིག་ ལག་ལེན་འཐབ་ཡོདཔ་ལས་ མ་འོངས་པ་ལུ་ ཕན་ཐོགས་སྦོམ་འབྱུང་ནིའི་ གོ་སྐབས་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཕྱི་ཁའི་མི་ཚུ་གིས་ ཨེ་ཊི་ཨེམ་ལག་ལེན་འཐབ་ཐོག་ལས་ ད་ལྟོ་ཚུན་ དངུལ་ཀྲམ་ས་ཡ་༥༧ དེ་ཅིག་ བཏོན་ཡོདཔ་ཨིན་པས།
ཨིན་རུང་ ཀེ་རེ་ཌིཊ་ ཀཱཌ་ ལག་ལེན་གྱི་ཐད་ལུ་ལྷོདཔ་ད་ རྒྱལ་སྤྱི་ཝི་ཟ་ གཱོལ་ ཀེ་རེ་ཌིཊ་ ཀཱཌ་ཚུ་འབད་བ་ཅིན་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ལམ་ལུགས་དང་འཁྲིལ་ ཧེ་མ་བཟུམ་སྦེ་ ཕྱི་རྒྱལ་ལུ་འགྱོ་མི་ མི་ཅིག་གིས་ ཡུ་ཨེསི་ཌོ་ལར་༣,༠༠༠ རེ་སྦེ་ ཚད་འཛིན་འབད་ནི་དང་ ཀེ་རེ་ཌིཊ་ ཀཱཌ་ གཞན་ཚུ་ལས་ སྐྱིན་འགྲུལ་ཐོག་ དངུལ་ཀྲམ་ག་དེ་རེ་ ལག་ལེན་འཐབ་ཆོག་ནི་ཨིན་ན་ རང་སོའི་ དངུལ་ཕོགས་དང་ ཡང་ཅིན་ གཏའམ་ཚུ་དང་འཁྲིལ་ཏེ་ འགྱོ་འོང་ཟེར་ཨིན་པས།
པ་སངས་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་ རྙིང་ཤོས་ཅིག་ཨིན་མི་ དངུལ་གི་དངུལ་ཁང་དེ་གིས་ མི་སྡེའི་དཔལ་འབྱོར་གོང་འཕེལ་ ཡར་དྲག་གཏང་ནི་ལུ་ དམིགས་གཏད་བསྐྱེད་དོ་ཡོདཔ་བཞིན་དུ་ དུས་ཀྱི་འགྱུར་བ་དང་བསྟུན་ དེ་བཟུམ་མའི་ འཕྲུལ་རིག་གི་ལམ་ལུགས་ཚུ་ གོང་འཕེལ་གཏང་ཐོག་ལས་ གཞན་མི་ དངུལ་འབྲེལ་ལས་སྡེ་ཚུ་དང་ཕྱདཔ་ད་ དྲག་ཤོས་ཅིག་སྦེ་ གནས་ནི་གི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
དངུལ་ཁང་དེ་ཡང་ སྤྱི་ལོ་༡༩༦༨ ལུ་ གཞི་བཙུགས་འབད་ཡོདཔ་ད་ ད་རེས་ནངས་པ་ དངུལ་ཁང་གི་ ཡན་ལག་ཡིག་ཚང་༢༧ དང་ བརྗེ་སོར་འབྲེལ་གཏེགས་༥ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment