གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲོས་རྒེད་འོག་གི་ ཕྱགས་སྙིགས་ཚུ་ ཐིམ་ཕུ་ལུ་བཙོང་ཡོདཔ།

༣༡/༨/༢༠༡༢   ༉ སྲོས་དང་ ནཱ་རོ་ གླིང་བཞི་ལ་སོགས་པའི་ ས་ཁ་མཐོ་སའི་ ས་གནས་ཚུ་ནང་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་མི་དང་ ལྟ་བཤལ་དང་ ལ་བཤལ་ནང་ འགྱོ་མི་ཚུ་གིས་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོག་བཞག་སྟེ་ ཁམས་ལོག་སི་སི་བཟོ་བའི་ ཉོགས་བཤད་ཚུ་ བཀོད་ཡོདཔ་ཨིན་རུང་ ད་ལས་ཕར་ ས་གནས་ཚུ་ ཧིང་སངས་ས་སྦེ་ བཞག་ཚུགས་པའི་ གོ་སྐབས་ཡོདཔ་ཨིན་པས།
སྲོས་རྒེད་འོག་ནང་ ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབད་བའི་བསྒང་།


དེ་ཡང་ དུས་ཅི་ སྤྱི་ཟླ་༦ པའི་ནང་ སྲོས་རྒེད་འོག་གིས་ འགོ་འདྲེན་ཐོག་ལས་ ས་གནས་ཀྱི་ མི་སེར་དང་ སློབ་ཕྲུག་ཚུ་གིས་ བསྡུ་བསྒྱོམ་འབད་བཞག་མི་ ཕྱགས་སྙིགས་ཚུ་ ཁ་ཙ་ ཐིམ་ཕུ་ལུ་ བཙོང་མི་ལུ་བརྟེན་ཏེ་ཨིན་པས།
ཕྱགས་སྙིགས་ཚུ་ཡང་ སྲོས་ལས་ ཉིན་གྲངས་༣ དེ་ཅིག་ རྐང་སྟོང་འགྱོ་དགོ་པའི་ས་གནས་ སྤ་རོ་ དགུང་ཉི་རྩ་བ་ཚུན་ རྟ་༡༡ གུ་བཀལ་ཏེ་ འབག་འོང་ཡོདཔ་ད་ དགུང་ཉི་རྩ་བ་ལས་ ཐིམ་ཕུ་ཚུན་ ཐིམ་ཕུ་རྫོང་ཁག་གི་ སྣུམ་འཁོར་ཌི་སི་ཨེམ་ཅིག་ནང་ བཙུགས་འབག་འོང་ཡོདཔ་ཨིན་པས།
སྲོས་རྒེད་འོག་གི་ རྒེད་འོག་བདག་སྐྱོང་འགོ་དཔོན་ བསྟན་འཛིན་གྱིས་འབད་བ་ཅིན་ ས་གནས་ནང་ ཕྱགས་སྙིགས་བསྡུ་བསྒྱོམ་གྱི་ལཱ་ཚུ་ ཨ་རྟག་ར་ འབད་དོ་ཡོདཔ་ཨིན་རུང་ ཐིམ་ཕུ་ལུ་ བཙོང་པར་འབག་འོང་མི་དེ་ དུས་ཅི་ འགོ་དང་པ་ ཨིན་ཟེར་ཨིན་པས།
ད་རེས་ ཁོ་གིས་ བཙོང་ནིའི་དོན་ལུ་ ཤེལ་དམ་མ་འདྲཝ་ཚུ་དང་ ཆུ་ཤོག་ ལྕགས་ཀྲིན་ དེ་ལས་ གྱིབ་ཀྱི་རིགས་ཚུ་ འབག་འོང་ཡོདཔ་ཨིན་རུང་ རག་རོ་ཚོང་འབྲེལ་འཐབ་མི་ཚུ་གིས་ ཆང་བི་ཡར་དང་ ལྕགས་ཀྲིན་ཚུ་མ་གཏོགས་ གཞན་མི་ཚུ་ ཉོ་མི་བཏུབ་པས་ཟེར་ སླབ་ཨིན་པས།
བསྟན་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྒེད་འོག་ནང་ གནས་བདག་གཞི་བདག་ཚུ་ལུ་ སྒྲིབ་ཞུགས་པའི་ ཉེན་ཁ་ཡོདཔ་ལས་ ཕྱགས་སྙིགས་རག་རོ་ཚུ་ བསྡུ་བསྒྱོམ་འབད་དེ་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཁར་བཟུམ་སྦེ་ མེ་བཏང་ས་མེད་མི་དང་འཁྲིལ་ རུལ་བཏུབ་པའི་རིགས་ཚུ་ རྒེད་འོག་ནང་ ས་དོང་རྐོ་སྟེ་ ཨེབ་བཞག་ཅི་ཟེར་ཨིན་པས།
ཐིམ་ཕུ་ལུ་འབག་འོང་མི་ ཕྱགས་སྙིགས་རག་རོ་ཚུ་ལས་ ཕྱེད་ཀ་དེ་ཅིག་ ཚོང་འབྲེལ་འཐབ་མ་བཏུབ་མི་ཚུ་ འབད་ནི་དེ་གིས་ དེ་ཚུ་ རག་རོ་ཚོང་འབྲེལ་འཐབ་མི་གིས་ ཁྲོམ་སྡེའི་ཕྱགས་སྙིགས་ བསྡུ་བསྒྱོམ་འབད་མི་ཚུ་ལུ་སྤྲོད་དེ་ བཀོ་སའི་ས་ཁོངས་ ལེགས་ཤོམ་ཅིག་ནང་ བསྐྱལ་དགོཔ་སྦེ་ སླབ་བཞག་ཡོདཔ་ཨིན་པས།
ཚོང་འབྲེལ་གྱི་སྐབས་ལུ་ སླ་བསྲེས་ཏེ་ཡོད་པའི་ ལྕགས་ཀྲིན་དང་ གྱིབ་དམ་ཀེ་ཇི་༧༣ དང་ ཆང་བི་ཡར་གྱི་ དམ་སྦྱིས་༢༣༥ དེ་ལས་ ཆང་ཀིང་ཕི་ཤར་གྱི་ དམ་སྦྱིས་༢༦ འབདཝ་ད་ བསྡོམས་ཀྱིས་ དངུལ་ཀྲམ་༡༢,༠༠༠ ལྷགཔ་ཅིག་ ཐོབ་ཡོདཔ་ད་ དེ་ཚུ་ ཤུལ་མའི་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་བའི་སྐབས་ ལག་ལེན་འཐབ་ནིའི་དོན་ལུ་ རྒེད་འོག་གི་ རྩིས་ཁྲ་ནང་ བཙུགས་བཞག་ནི་ཨིན་ཟེར་ཨིན་པས།
རྒེད་འོག་བདག་སྐྱོང་འགོ་དཔོན་གྱིས་ སླབ་མིའི་ནང་ ད་རེས་ ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབད་དེ་ བཙོང་པར་འབག་འོང་དགོ་མི་དེ་ཡང་ ཁེ་སང་བཟོ་ནི་ལུ་ དམིགས་ཏེ་མེན་པར་ མི་སེར་ཚུ་ལུ་ གོ་བ་བརྡ་སྤྲོད་ འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ད་རེས་ཀྱི་ ཕྱགས་སྙིགས་བསྡུ་བསྒྱོམ་ལས་རིམ་ལུ་བརྟེན་ ད་ལས་ཕར་ མི་ཚུ་གིས་ ཕྱགས་སྙིགས་ཚུ་ ག་ལྷོད་སར་ མི་བཀོ་མནོ་བའི་ རེ་བ་ཡོདཔ་ད་ མ་གཞི་ རྒེད་འོག་ནང་ ཕྱགས་སྙིགས་བསྡུ་བསྒྱོམ་གྱི་ ལས་རིམ་དོན་ལུ་ ཟད་འགྲོ་བཏང་མི་དང་ རག་རོ་ཚུ་ ཐིམ་ཕུ་ཚུན་ འབག་བསྐྱལ་བའི་ ཟད་འགྲོ་ཚུ་ རྩིས་རྐྱབ་པ་ཅིན་ ཁེ་སང་མིན་པར་ རྒུད་ཡོད་ཟེར་ཨིན་པས།
རྒེད་འོག་གིས་ ཤུལ་མའི་ ལོ་ཚུ་ནང་ཡང་ ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབད་དེ་ ཐིམ་ཕུ་ལུ་ བཙོང་པར་འབག་འོང་ནིའི་ འཆར་གཞི་ཡོདཔ་ཨིན་རུང་ ཟད་འགྲོའི་དཀའ་ངལ་ཡོད་ཟེར་ བསྟན་འཛིན་གྱིས་ སླབ་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ཨ་རྟག་འབད་བ་ཅིན་ རག་རོ་ཚུ་ སྤྱི་ཟླ་༦ པའི་ནང་ར་ ཐིམ་ཕུ་ལུ་ འབག་འོང་སྟེ་ བཙོང་ནིའི་འཆར་གཞི་བརྩམས་ཡོདཔ་ཨིན་རུང་ ལམ་བདའ་སྟེ་ ཆརཔ་ཆད་ནི་མེད་པར་ རྐྱབ་མི་ལུ་བརྟེན་ཏེ་ ད་རེས་ཚུན་ ལུས་སོ་ཡི་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment