གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གུང་པ་༣༠ ལུ་ ཕན་ཐོགས་འབྱུང་ནི་ཨིན་མི་ སྣུམ་འཁོར་ལམ།

༢༩/༨/༢༠༡༢    ༉ ཆུ་རྫོང་ཁག་ ཕུན་ཚོགས་གླིང་ཁྲོམ་སྡེ་ གུ་རུང་གྲང་ར་རྒེད་འོག་ མ་ལ་བ་ཤི་གཡུས་ཚན་གྱི་ མི་སེར་སོ་ནམ་ཚུ་གི་དོན་ལུ་ སྣུམ་འཁོར་ལམ་བསལ་ནི་ འགོ་བཙུགས་ཡོད་མི་ལུ་བརྟེན་ མི་སེར་ཚུ་གི་ རེ་འདོད་གྲུབ་ཚུགས་ཡོདཔ་ཨིན་པས།
མ་ལ་བ་ཤི་གཡུས་ཚན་གྱི་དོན་ལུ་ ཀི་ལོ་མི་ཊར་༢ དེ་ཅིག་འབད་མི་ འཁོར་ལམ་བསལ་ནི་ འགོ་བཙུགས་པའི་བསྒང་།


དེ་ཡང་ སྤྱི་ཟླ་༨ པའི་ཚེས་༢༧ ལུ་ འཁོར་ལམ་བསལ་ནིའི་ འགོ་འབྱེད་འབད་བའི་སྐབས་ གཡུས་སྒོའི་མི་སེར་ཚུ་གིས་ ཉིནམ་དེ་ལས་ འགོ་བཙུགས་ཏེ་ བཟོ་སྐྲུན་གྱི་ལཱ་ཚུ་ འབད་ཚར་བའི་ཤུལ་ལས་ མི་སྡེ་ནང་ ད་ལྟོ་བྱུང་མི་ དཀའ་ངལ་ཚུ་བསལ་ཏེ་ ཕན་ཐོགས་འབྱུང་ཚུགས་ནི་ཨིནམ་ལས་ སེམས་དགའ་སྟེ་ཡོདཔ་ཨིན་པས།
མ་ལ་བ་ཤི་གཡུས་ཚན་དེ་ ཕུན་ཚོགས་གླིང་ཁྲོམ་སྡེའི་འོག་ལུ་ ཚུད་པའི་ཤུལ་ལུ་ མི་སེར་ཚུ་གིས་ ཁྲོམ་སྡེའི་འཐུས་མི་ལུ་ དགོས་མཁོ་ཆེ་བའི་ སྣུམ་འཁོར་ལམ་དེ་ གཞུང་ལམ་ལས་ མཐུད་སྦྲེལ་འབད་དེ་ བསལ་དགོ་པའི་སྐོར་ལས་ གསལ་ཞུ་འབད་མི་དང་འཁྲིལ་ ད་རེས་ རེ་འདོད་གྲུབ་ཚུགས་ཡོདཔ་ཨིན་པས།
མ་ལ་བ་ཤི་གཡུས་ཚན་དེ་ གཞུང་ལམ་ལས་ ཀི་ལོ་མི་ཊར་༢ དེ་ཅིག་ཁར་ ཆགས་ཡོདཔ་བཞིན་དུ་ ཟླཝ་༨ ཀྱི་ནང་འཁོད་ལུ་ མཇུག་བསྡུ་ནི་ཨིན་མི་ འཁོར་ལམ་བཟོ་སྐྲུན་གྱི་དོན་ལུ་ གཞུང་གིས་ གྲོགས་རམ་དངུལ་ཀྲམ་༡༤,༣༤,༨༥༧ གནང་ཡོདཔ་བཞིན་དུ་ འཁོར་ལམ་དེ་གིས་ མི་སེར་གུང་པ་༣༠ ལུ་ ཕན་ཐོགས་འབྱུང་ཚུགས་ནི་ཨིན་པས།
བཟོ་རིག་འགོ་དཔོན་ ཌི་སི་ ཌི་མཱལ་གྱིས་ སླབ་མི་དང་འཁྲིལཝ་ད་ འཁོར་ལམ་བསལ་དགོ་མི་ གནད་དོན་གཙོ་བོ་ར་ གཡུས་ཚན་དེ་ ཕུན་ཚོགས་གླིང་ཁྲོམ་སྡེའི་ ས་ཁོངས་ནང་ ཚུད་པའི་ཤུལ་ལུ་ གྲོང་གསེབ་ཀྱི་ མི་སེར་ཚུ་གིས་ དགོས་མཁོ་བཀོད་མི་དང་འཁྲིལ་ཏེ་ ཨིན་ཟེར་ཨིནམ་ད་ བཟོ་སྐྲུན་གྱི་ལཱ་ཚུ་ཡང་ འཆར་ལོ་མཇུག་བསྡུ་ཁམས་ཅིག་ལུ་ མཇུག་བསྡུ་ཚུགས་ཟེར་ཨིན་པས།
འཁོར་ལམ་དེ་ བསམ་འཕེལ་རྒེད་འོག་གི་ ཉེ་འདབས་ལུ་ཡོད་པའི་ ཅེང་བ་རིའི་འཁོར་ལམ་ལས་མཐུད་དེ་ བསལ་ནི་ཨིན་ཟེར་ཨིན་པས།
སྤག་བསམ་མཁའི་འཐུས་མི་ ག་ནཱིསི་རའི་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་ གཡུས་ཚན་དེ་ ཁྲོམ་སྡེའི་འོག་ལུ་ ཚུད་ཡོད་མི་ལུ་བརྟེན་ འཁོར་ལམ་ཅིག་ བཏོན་མ་བྱིན་པ་ཅིན་ ཕན་ཐོགས་ག་ནི་ཡང་མེདཔ་ལས་ ཁུངས་མེདཔ་བཟུམ་ཅིག་ མཐོངམ་མས་ཟེར་ཨིནམ་ད་ གླ་འཁོར་བཏང་མི་ཚུ་གིས་ གཡུས་སྒོ་ནང་ གླ་འཐུས་སྤྲོད་དེ་འབད་རུང་ སོ་ནམ་ཞིང་ལམ་ ལེགས་ཤོམ་མེད་མི་ལུ་བརྟེན་ འོང་མ་བཏུབ་པའི་ དཀའ་ངལ་སྣ་ཚོགས་བྱུང་བའི་སྐོར་ལས་ ལོ་རྒྱུས་ཚུ་ སླབ་མས་ཟེར་ཨིན་པས།
དེ་མ་ཚད་ གཡུས་སྒོའི་དངུལ་ཐོག་གཙོ་བོ་ར་ སྒོ་ནོར་གྱི་ ཐོན་སྐྱེད་ཚུ་ཨིནམ་ད་ ཨོམ་གྱི་ཐོན་སྐྱེད་ཚུ་ ཨོམ་ཚོགས་པ་ལུ་སྤྲོད་དེ་ འོང་འབབ་བཟོ་དོ་ཡོད་རུང་ འཁོར་ལམ་ལེགས་ཤོམ་མེདཔ་ལས་ འོང་འབབ་རྒྱ་ཆེ་དྲགས་སྦེ་ བཟོ་མི་ཚུགས་པས་ཟེར་ སླབ་ཨིན་པས།
ད་རེས་ བཟོ་སྐྲུན་འགོ་བཙུགས་མི་ འཁོར་ལམ་དེ་གིས་ གཡུས་སྒོའི་མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ནི་ཨིནམ་ད་ ལཱ་ག་ཅི་འབད་རུང་ བྱ་སྟབས་བདེ་ཏོག་ཏོ་དང་ དབུལ་ཕོངས་ཀྱི་དཀའ་ངལ་ཚུ་ཡང་ བསལ་ཚུགས་པའི་ཁར་ གློ་བུར་དུ་ སྨན་ཁང་ནང་ ནདཔ་བསྐྱལ་ནི་ཡོད་རུང་ དཀའ་ངལ་ག་ནི་ཡང་མེད་པར་ བསྐྱལ་ཚུགས་པའི་ འོས་འབབ་སྦོམ་ཡོདཔ་ལས་ སེམས་དགའཝ་མས་ཟེར་ སོ་ནམ་པ་ སོམ་བྷ་དུར་ རའི་གིས་ སླབ་ཨིན་པས།
གཡུས་ཚན་དེ་ནང་ འཁོར་ལམ་བསལ་ནི་ འགོ་བཙུགས་མི་དེ་གིས་ ལྷག་པར་དུ་ ཁྲོམ་སྡེ་ནང་ འཐུང་ཆུ་བཏོན་ནིའི་དོན་ལུ་ གྲོས་འདེབས་ཕུལཝ་བཞིན་དུ་ འཆར་ལོ་འདི་ནང་ར་ འཐུང་ཆུ་བཀྲམ་སྤེལ་འབད་ནིའི་ ལཱ་ཚུ་ཡང་ འགོ་བཙུགས་ཚུགས་ནི་ཨིནམ་ལས་ འཐུང་ཆུའི་དཀའ་ངལ་ བསལ་ཚུགས་ནི་ཨིན་པའི་གནས་ཚུལ།

རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment