གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་ཡོམ་གྱིས་གནོད་སྐྱོན་རྐྱབ་མི་ལྷ་ཁང་ གསར་བཞེངས།

༢༧/༨/༢༠༡༢    ༉ སྤྱི་ལོ་༢༠༠༩ གི་ཟླཝ་༩ པའི་ཚེས་༢༡ ལུ་ ས་ཡོམ་གྱིས་ གནོད་སྐྱོན་རྐྱབ་མི་དངོས་གྲུབ་ཆོས་གླིང་ལྷ་ཁང་དེ་ སྤྱི་ལོ་༢༠༡༡ ལས་ གསར་བཞེངས་ཀྱི་ ལཱ་འགོ་བཙུགས་ཏེ་ མ་དངུལ་ དངུལ་ཀྲམ་ས་ཡ་༣.༥ ཟད་འགྲོ་བཏང་ཐོག་ལས་ གསར་བསྒྲུབས་འབད་ཡོདཔ་ད་ ད་རུང་ མ་དངུལ་ དངུལ་ཀྲམ་ས་ཡ་༠.༥ དེ་ཅིག་གནས་པའི་ ལྷ་ཁང་གི་ ལྡེབས་རིས་ཚུ་ རྐྱབ་ནི་ཡོདཔ་ཨིན་པས།
གསར་བཞེངས་བསྒྲུབས་མི་ ཨོ་རྫོ་རོང་ རྒེད་འོག་ དགོན་ཁ་དངོས་གྲུབ་ཆོས་གླིང་སྒོམ་སྡེ།


རྫོང་ཁག་དེ་ནང་ ལྷ་ཁང་དགོན་སྡེ་མང་རབས་ཅིག་ ས་ཡོམ་གྱིས་ གནོད་སྐྱོན་རྐྱབ་མི་ཚུ་གི་གྲས་ལས་ ད་ཚུན་ མི་སྡེའི་ལྷ་ཁང་༨ དེ་ཅིག་ གསར་བཞེངས་འབད་ཚར་ཡོདཔ་ཨིན་པས།
རྫོང་ཁག་གི་ བཟོ་རིག་འགོ་དཔོན་ པདྨ་བདེ་ཆེན་གྱིས་སླབ་མིའི་ནང་ ལྷ་ཁང་དེ་ མ་འོངས་པ་ལུ་ཡང་ འདི་བཟུམ་གྱི་ས་ཡོམ་གྱིས་གནོད་སྐྱོན་ལས་ ཉེན་སྐྱོབ་འབད་ཚུགས་པའི་ དེང་སང་གི་བཟོ་རིག་ཚུ་ལག་ལེན་ཐོག་ གསར་བཞེངས་འབད་ཡོདཔ་ཨིན་ཟེར་བཤདཔ་ཨིན་པས།
རྒེད་འོག་གི་ མི་སྡེ་འགོ་ཁྲིདཔ་ཚུ་གིས་སླབ་མིའི་ནང་ རྒྱལ་ཁབ་ནང་ མི་སེར་ཚུ་མང་ཤོས་ཅིག་ར་ ནང་པ་སངས་རྒྱས་པའི་ རྗེས་སུ་ཞུགས་སྡོད་མི་ཙང་ཙང་ཨིནམ་ལས་ ལྷ་ཁང་གསར་བཞེངས་དེ་གིས་ མི་མང་ལུ་ ཆོས་དང་འབྲེལ་བའི་ དུས་མཆོད་རབ་གནས་ལས་འགོ་བཙུགས་ གཡུས་སྒོའི་ནང་ལས་ཕར་ མི་ཤི་དགེ་རྩའི་ རིམ་གྲོ་ཚུ་ག་ར་འབད་ནིའི་དོན་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་དོ་ཡོདཔ་ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༠༩ ལུ་ ས་ཡོམ་གྱིས་ ལྷ་ཁང་དེ་ མེདཔ་བཏང་བའི་ཤུལ་ལུ་ མི་སེར་ཚུ་གིས་ གནས་སྐབས་ཀྱི་དོན་ལུ་ གུར་སྤུབ་ཐོག་ལས་ སྐུ་རྟེན་ཚུ་འདི་ནང་བཞག་ཐོག་ལས་ ལག་ལེན་འཐབ་ཡོདཔ་ཨིན་པས།
ལྷ་ཁང་གི་རབ་གནས་དེ་ཡང་ ཡོན་ཕུག་ལ་བླམ་གིས་ དབུ་ཁྲིད་ཐོག་ མཛད་ཡོད་མིའི་ནང་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་དང་ རྫོང་བདག་ དེ་ལས་ འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༩ གི་ ས་ཡོམ་གྱི་རྐྱེན་ངན་ནང་ འབྲུག་ལུ་ སློབ་གྲྭ་༩༡ དང་ གསོ་བའི་སྨན་ཁང་ཆུང་བ་༢༥ དེ་ལས་ གསོ་བའི་སྨན་ཁང་འབྲིང་མ་༣ དང་ ས་གནས་གཞུང་གི་ཡིག་ཚང་༥༠ ལུ་གནོད་སྐྱོན་ཚུ་རྐྱབ་ཡོདཔ་མ་ཚད་ ཁྱིམ་གུང་༤༦༡༤ སྡོད་ཁྱིམ་ཚུ་ལུ་ཡང་ གནོད་སྐྱོན་རྐྱབ་ཡོད་པའི་ཁར་ ལྷ་ཁང་དང་ དགོན་སྡེ་ཡང་ མང་རབས་ཅིག་ལུ་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment