གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབྱར་རྩྭ་དགུན་འབུབ་ཚུ་ གཞན་གྱི་ས་ཁོངས་ནང་ལས་ བསྡུ་བསྒྱོམ་འབད་བའི་ཚ་གྱང་།

༣༡/༨/༢༠༡༢   ༉ ཁ་ཙ་ དབང་འདུས་ཕོ་བྲང་རྫོང་ཁག་ཚོགས་འདུ་ཐེངས་༤ པ་འཚོགས་པའི་སྐབས་ གནད་དོན་གཙོ་བོ་ཅིག་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་མི་ཚུ་གིས་ རང་སོའི་རྫོང་ཁག་དང་ རྒེད་འོག་གི་ བཅད་མཚམས་ནང་མིན་པའི་ ས་ཁོངས་གཞན་ཚུ་ནང་ཡང་ ཧམ་འཛུལ་འབད་བའི་སྐོར་ གྲོས་བསྡུར་བྱུང་ཡི།


དེ་ཡང་ སྲས་ཕུག་དང་ དྭངས་ཆུ་ ཀ་བཞི་ སྒང་སྟེང་རྒེད་འོག་༤ གི་དོན་ལུ་ འོང་འབབ་ཀྱི་ ཐོན་ཁུངས་ངོ་མ་ དབྱར་རྩྭ་དགུན་འབུབ་དེ་ཨིན་རུང་ མི་ཚུ་གིས་ རང་སོའི་རྒེད་འོག་གི་ བཅད་མཚམས་དང་འཁྲིལ་ཏེ་མིན་པར་ གཞན་གྱི་ས་གོ་ཚུ་ནང་ ཧམ་འཛུལ་ཐོག་ལས་ བསྡུ་བསྒྱོམ་འབད་བའི་ དཀའ་ངལ་འདུག་ཟེར་ རྫོང་ཁག་ཚོགས་འདུའི་ འཐུས་མི་ཚུ་གིས་ཞུ་ཡི།
སྲས་ཕུག་རྒཔོ་ རིན་ཆེན་དཔལ་འབྱོར་གྱིས་འབད་བ་ཅིན་ དེ་བཟུམ་མའི་ དཀའ་ངལ་མི་འཐོན་ནིའི་དོན་ལུ་ རང་སོའི་རྒེད་འོག་གི་ བཅད་མཚམས་ཚུ་ མི་སྡེའི་འགོ་ཁྲིདཔ་དང་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་མི་ཚུ་ལུ་ ཁ་གསལ་སྦེ་ ངོས་འཛིན་འབད་བྱིན་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ ག་འཆརཔ་ཟེར་བ་ཅིན་ རྒེད་འོག་སོ་སོ་ལས་ མི་ངོ་མ་ཤེས་མི་ཚུ་གིས་ཡང་ ང་བཅས་ཀྱི་ ས་ཁོངས་ནང་འོང་སྟེ་ འབུབ་བསྡུ་བསྒྱོམ་འབད་སར་ མཐོངམ་མས་ཟེར་ཨིན་པས།
རྒཔོ་ རིན་ཆེན་དཔལ་འབྱོར་གྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ སྲས་ཕུག་དེ་ ལ་མཐོ་སའི་ རྒེད་འོག་ཅིག་ཨིནམ་ལས་ འཚོ་བ་གཙོ་བོ་ དབྱར་རྩྭ་དགུན་འབུབ་ལུ་ བརྟེན་དོ་ཡོདཔ་ཨིན་རུང་ ནུབ་ཁ་ཐུག་ལས་ དྭངས་ཆུ་དང་ ཀ་བཞི་ སྒང་སྟེང་རྒེད་འོག་གསུམ་དང་ ས་མཚམས་གཅིག་ཁར་ ཕོག་ནི་དེ་གིས་ རྒེད་འོག་དེ་གསུམ་གྱི་ མི་ཚུ་གིས་ སྲས་ཕུག་གི་ས་ཁོངས་ལས་ དབྱར་རྩྭ་དགུན་འབུབ་འཐུ་ནི་ཡོད་ཟེར་ཨིན་པས།
དེ་གི་ནང་ལས་ཡང་ སྒང་སྟེང་རྒེད་འོག་ལས་ ཁྱིམ་གུང་པ་༢༥ དེ་ཅིག་གིས་ ལོ་བསྟར་བཞིན་དུ་ སྲས་ཕུག་ལས་ དབྱར་རྩྭ་དགུན་འབུུབ་བསྡུ་བསྒྱོམ་འབད་དེ་ འབག་འགྱོ་ནི་ཡོད་ཟེར་ སྲས་ཕུག་རྒཔོ་གིས་ སླབ་ཨིན་པས།
དེ་ལས་ བྱང་ཁ་ཐུག་ལས་འབད་བ་ཅིན་ མགར་ས་རྫོང་ཁག་ ལུང་ནག་ནའི་ མི་ཚུ་དང་ ཤར་ཁ་ཐུག་ལས་ བུམ་ཐང་ཆོས་འཁོར་རྒེད་འོག་གི་ མི་ཚུ་གིས་ བསྡུ་ལེན་འབད་དོ་ཡོདཔ་ལས་ དེ་ཚུ་ བཀག་ཐབས་འབད་ནི་གི་ དཔའ་བཅམ་པ་ཅིན་ རང་བཞིན་གྱིས་སྐྱེས་བའི་ འབུབ་བསྡུ་བསྒྱོམ་འབདཝ་ད་ སླབ་ནི་གི་ དབང་ཚད་ག་ལུ་ཡོད་ཟེར་སླབ་སྟེ་ གདོང་རྒོལ་འབདཝ་མས་ཟེར་ རྒཔོ་རིན་ཆེན་དཔལ་འབྱོར་གྱིས་ སླབ་ཨིན་པས།
དེ་འབདཝ་ལས་ རང་སོའི་ས་ཁོངས་ནང་ ཧམ་འཛུལ་འབད་ནི་ཚུ་ བཀག་ཐབས་འབད་དགོཔ་འདུག་ཟེར་ ཁོ་གིས་ བཤད་ཅི།
ཀ་བཞི་རྒཔོ་ སྲི་རྒྱལ་རྡོ་རྗེ་གིས་ ཞུ་མིའི་ནང་ དབྱར་རྩྭ་དགུན་འབུབ་འཐུ་མི་དེ་ རྫོང་ཁག་སོ་སོ་ལས་འོང་མི་ རྐྱངམ་གཅིག་གིས་མ་དོ་བར་ རྒྱ་ནག་གི་ མི་ཚུ་ཡང་ འོང་དོ་ཡོད་པའི་ དོགས་སྣང་ཡོདམི་དེ་ཡང་ བྱང་ཁ་ཐུག་གི་ ས་མཚམས་དེ་ རྒྱ་ནག་དང་གཅིག་ཁར་ཡོདནི་དེ་གིས་ཨིནམ་ལས་ ད་ལྟོ་ལས་ བཀག་ཐབས་མ་འབད་བ་ཅིན་ མ་འོངས་པ་ལུ་ བྱ་སྟབས་མ་བདེཝ་སྦོམ་ འཐོན་འོང་ཟེར་ཨིན་པས།
འཐུས་མི་མང་ཤོས་ཅིག་གིས་ སླབ་མིའི་ནང་ ནགས་ཚལ་དང་ གླིང་ཁའི་འགོ་དཔོན་ཚུ་གིས་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་སའི་ ས་ཁོངས་ཚུ་ནང་ ལྟ་རྟོག་ལེགས་ཤོམ་འབད་དགོཔ་ཡོད་པའི་ཁར་ ནགས་ཚལ་ལས་ཁུངས་ཀྱིས་བྱིན་མི་ བསྡུ་བསྒྱོམ་འབད་མི་ཚུ་གི་ ཤོག་བྱང་ངོ་རྟགས་ ལེགས་ཤོམ་བཟོ་དགོཔ་འདུག་ཟེར་ཨིན་པས།
ཚོགས་འདུའི་ཁྲི་འཛིན་ རྒཔོ་ཕུར་པ་རྣམ་རྒྱལ་གྱིས་འབད་བ་ཅིན་ ལྟ་རྟོག་འབད་ནི་གི་ འགན་ཁུར་དེ་ ནགས་ཚལ་འགོ་དཔོན་ལུ་རྐྱངམ་གཅིག་མིན་པར་ འབུབ་ལུ་བརྟེན་ འོང་འབབ་བཟོ་མི་ཚུ་གིས་ཡང་ གྲོགས་རམ་འབད་དགོཔ་ ཁག་ཆེ་ཟེར་ཨིན་པས།
ཁྲི་འཛིན་གྱིས་འབད་བ་ཅིན་ རྒེད་འོག་གི་ བཅད་མཚམས་ཚུ་ སྤྱི་ལོ་༡༩༩༠ ལས་ར་ཡོདཔ་ལས་ རྒཔོ་ཚུ་གིས་ བཅད་མཚམས་ལེགས་ཤོམ་སྦེ་ ལག་ལེན་འཐབ་པ་ཅིན་ བྱ་སྟབས་མ་བདེཝ་མི་འཐོན་ཟེར་ཨིནམ་ད་ རྫོང་ཁག་ཅིག་གི་ མི་ཚུ་གིས་ རྫོང་ཁག་གཞན་གྱི་ ས་ཁོངས་ནང་ ཧམ་འཛུལ་ཐོག་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་མི་དེ་ ཚོགས་འདུའི་ནང་ གྲོས་ཐག་བཅད་ནི་གི་ དབང་ཚད་མེདཔ་ལས་ གྲོས་གཞི་དེ་ སྤྱི་ཚོགས་ནང་ཕུལ་ནི་སྦེ་ གྲོས་ཐག་བཅད་ཅི།
ད་རུང་ ཚོགས་འདུའི་ནང་ སྒང་སྟེང་དང་ ཕོབ་སྦྱིས་ཁ་ལུ་ ཁྲུང་ཁྲུང་སྐེ་གནག་འཁྱམས་སའི་ ས་ཁོངས་ཀྱི་ ཉེ་འདབས་ལུ་ སྡོད་ཁྱིམ་ཚུ་ རང་ལུགས་ཀྱི་རྡོ་དང་ འདམ་ལག་ལེན་འཐབ་ཐོག་ལས་ རྐྱབ་དགོཔ་དང་ དེ་ཡང་ ཁྱིམ་ཐོག་ཚད་༢ ལས་བརྒལ་ རྐྱབ་མ་ཆོགཔ་ བཟོ་དགོ་པའི་ གྲོས་གཞི་ཡང་ཕུལ་ཡི།
འཐུས་མི་ཚུ་གིས་འབད་བ་ཅིན་ ད་རེས་ནངས་པ་ ས་གནས་དེ་ནང་ ལྟ་བཤལཔ་ཚུ་ འོང་མི་དེ་ ངོ་མ་ར་ ཁྲུང་ཁྲུང་སྐེ་གནག་ཚུ་ བལྟ་བར་ཨིནམ་ལས་ བྱ་འཁྱམས་སའི་ ས་ཁོངས་ནང་ རང་ལུགས་ཀྱི་ སྔར་སྲོལ་ལམ་ལུགས་ཉམས་སྲུང་འབད་དགོཔ་ཁག་ཆེ་ཟེར་ཨིན་པས།
དབང་འདུས་རྫོང་བདག་ ལྷུན་གྲུབ་དབང་ཕྱུག་གིས་ སླབ་མིའི་ནང་ སྡོད་ཁྱིམ་ཚུ་ རང་ལུགས་ཐོག་ལས་ རྐྱབ་ནི་ཨིན་ཟེར་བ་ཅིན་ སློབ་གྲྭ་དང་ སྨན་ཁང་ ཡིག་ཚང་ཚུ་ཡང་ ཤིང་དང་འདམ་གྱིས་སྦེ་ རྐྱབ་ནི་ཨིན་ན་ དབྱེ་ཞིབ་ལེགས་ཤོམ་འབད་དེ་ གྲོས་ཐག་བཅད་དགོ་ཟེར་ཨིན་པས།
ད་རུང་ འཐུས་མི་ཚུ་གིས་ ས་གནས་གཞུང་གི་ འགོ་དཔོན་ཚུ་གི་ ཉིན་འཐུས་དང་ འགྲུལ་འཐུས་ཐོབ་ལམ་གྱི་ ལམ་ལུགས་ཁ་གསལ་སྦེ་མེད་པའི་སྐོར་ལས་དང་ རྒེད་འོག་ནང་ གོང་འཕེལ་གྱི་ ལཱ་འབད་བའི་སྐབས་ འབྲེལ་ཡོད་ལྷན་ཚོགས་ལས་ ཉོགས་མེད་ལག་ཁྱེར་ལེན་པའི་སྐབས་ དུས་ཚོད་ལེ་ཤ་འགོར་ཏེ་ ལཱ་གི་གྲུབ་འབྲས་ལུ་ ཐོ་ཕོག་པའི་སྐོར་ལས་ཡང་ གྲོས་བསྡུར་འབད་ཡོད་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment