གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫོང་ཁའི་གསར་ཤོག་གི་ སྤུས་ཚད་ཚུ་ སྐྱོ་དྲགས་སྦེ་ར་ གནས་ཡོདཔ།

༣༡/༨/༢༠༡༢   ༉ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་ གོང་འཕེལ་གཏང་ནིའི་དོན་ལུ་ རྫོང་ཁའི་གསར་ཤོག་ཚུ་ཡང་ གནས་ཚད་ཅན་སྦེ་ བཏོན་དགོཔ་མ་ཚད་ ཨིང་ལིཤ་གསར་ཤོག་ཚུ་དང་ འདྲ་མཉམ་སྦེ་ རྫོང་ཁའི་གསར་ཤོག་ཚུ་ཡང་ བཏོན་དགོཔ་སྦེ་ བཟོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ རྫོང་ཁའི་གསར་ཤོག་ཚུ་ སྤུས་ཚད་ཅན་སྦེ་ བཏོན་མ་ཚུགས་པའི་ དཀའ་ངལ་བྱུང་དོ་ཡོད་པའི་ མཐོང་གསལ་བྱུངམ་ཨིན་པས།


ད་རེས་ནངས་པ་ ཨིང་ལིཤ་གསར་ཤོག་ ལ་ལུ་ཅིག་གིས་ རྫོང་ཁའི་གསར་ཤོག་ཚུ་ བཏོན་དོ་ཡོདཔ་ཨིན་རུང་ སྤུས་ཚད་དང་མ་ལྡན་པར་ཡོདཔ་ད་ གསར་ཤོག་ལ་ལུ་ཅིག་གིས་ ཨིང་ལིཤ་གི་ གནས་ཚུལ་རྐྱངམ་གཅིག་མ་གཏོགས་ རྫོང་ཁའི་གནས་ཚུལ་ བར་བཙུགས་འབད་ནི་དེ་ཡང་ མཚམས་འཇོག་འབད་ཡོདཔ་ཨིན་པས།
དེ་ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ལས་ དྲགོས་སངས་རྒྱས་རྡོ་རྗེ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ མ་གཞི་ གནས་ཚུལ་གསར་ཤོག་ཚུ་གིས་ མི་མང་ལུ་ བརྡ་སྤེལ་འབད་ནི་རྐྱངམ་གཅིག་མེན་པར་ ཤེས་ཡོན་ཚུ་ཡང་ བྱིན་ཚུགས་ནི་ཨིནམ་ལས་ གནས་ཚུལ་ལས་ཁང་ཚུ་ནང་ ཉམས་མྱོང་ཅན་དང་ མཁས་མཆོག་ཚུ་ དགོཔ་ཁག་ཆེ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ཀྱི་ གནས་སྟངས་ལུ་བལྟ་བ་ཅིན་ ཨིང་ལིཤ་གི་ གནས་ཚུལ་གསར་ཤོག་ ལ་ལུ་ཅིག་ནང་ རྫོང་ཁའི་གནས་ཚུལ་འབྲི་མི་ ཤེས་ཚད་ཆུང་མི་ཚུ་ བཙུགས་མི་ལུ་བརྟེན་ སྡེབ་སྦྱོར་ཚུ་ འཛོལ་ཏེ་བྲིས་དོ་ཡོདཔ་ལས་ དེ་གིས་ རྫོང་ཁ་གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་འབྱུང་ནིའི་ཚབ་ ཧེང་སྐལ་ར་ མར་ཉམས་འགྱོ་ནིའི་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པས།
གལ་སྲིད་ ཨིང་ལིཤ་གསར་ཤོག་ཚུ་ནང་ བར་བཙུགས་འབད་མི་ རྫོང་ཁའི་གསར་ཤོག་ཚུ་ སྤུས་ཚད་དང་ལྡནམ་སྦེ་ བཙུགས་ཚུགས་པ་ཅིན་ ཨིང་ལིཤ་གསར་ཤོག་ཚུ་ ག་ཏེ་ལྷོད་སར་ རྫོང་ཁ་ཡང་ ལྷོད་ཚུགས་པའི་བསྒང་ལས་ མི་མང་གིས་ ལྷག་ནིའི་གོ་སྐབས་ སྦོམ་ཡོད་ཟེར་ཨིན་པས།
གཅིག་ལས་འབད་བ་ཅིན་ གནས་ཚུལ་ལས་ཁང་ཚུ་ནང་ རྫོང་ཁ་དང་ ཨིང་ལིཤ་གི་ལཱ་འབད་མི་ཚུ་ དབྱེ་བ་ཕྱེ་མ་དགོ་པར་ ཉམས་མྱོང་ཚུ་ འདྲ་མཉམ་དགོཔ་ཡོད་རུང་ རྫོང་ཁའི་ལཱ་འབད་མི་ཚུ་ལུ་ སྦྱོང་བརྡར་གྱི་ གོ་སྐབས་ཉུང་ནི་དེ་གིས་ ད་ལས་ཕར་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ གནས་ཚུལ་བསྡུ་ལེན་འབད་མི་ཚུ་ལུ་ གནས་ཚུལ་འབྲི་ཐངས་དང་ བསྡུ་བཀོད་འབད་ནི་ དེ་ལས་ རང་སོའི་འགན་འཁྲི་དང་ འགན་ཁུར་ཚུ་གི་སྐོར་ལས་ ལོ་བསྟར་བཞིན་དུ་ སྦྱོང་བརྡར་ཚུ་ འགོ་འདྲེན་འཐབ་ནིའི་  འཆར་གཞི་ཡོད་ཟེར་ དྲགོས་སངས་རྒྱས་རྡོ་རྗེ་གིས་ སླབ་ཨིན་པས།
འདས་པའི་ཟླཝ་༣ གྱི་ཧེ་མ་ལས་ རྫོང་ཁའི་གསར་ཤོག་ཚུ་གི་ སྤུས་ཚད་ལྟ་ཞིབ་འབད་ནི་དང་ གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ རང་སོའི་ འགན་ཁུར་ཚུ་འབག་ཐོག་ལས་ ཡར་དྲག་ག་དེ་སྦེ་ར་ འགྱོ་དོ་ཡོདཔ་ཨིན་ན་ བལྟ་ནིའི་དོན་ལུ་ རྫོང་ཁ་བརྡ་བརྒྱུད་ལེགས་བཅོས་ཚོགས་ཆུང་ གཞི་བཙུགས་འབད་ཡོདཔ་ཨིན་པས།
རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་ མི་ཉམས་གོང་འཕེལ་གཏང་ནིའི་དོན་ལུ་ གཞུང་གིས་ སྲིད་བྱུས་དང་ ལས་རིམ་ དེ་ལས་ ལས་འགུལ་ཚུ་ རྩམ་དོ་ཡོདཔ་ཨིན་རུང་ ལཱ་འགན་ངོ་མ་དེ་ བརྡ་བརྒྱུད་ནང་ ལཱ་འབད་མི་ཚུ་ལུ་ ཕོག་སྟེ་ཡོདཔ་ཨིན་པས།
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྫོང་ཁའི་གསར་ཤོག་ཚུ་ ཞིབ་དཔྱད་འབད་དེ་ ལོ་བསྟར་བཞིན་དུ་ གནས་ཚུལ་བསྡུ་བཀོདཔ་དྲག་ཤོས་དང་ རྩོམ་སྒྲིག་ དེ་ལས་ གསར་ཤོག་དྲག་ཤོས་ཚུ་ གསལ་བཏོན་འབད་དེ་ གསོལ་རས་བྱིན་ནིའི་ ལས་རིམ་འགོ་བཙུགས་ནིའི་དོན་ལུ་ གྲོས་འཆར་ཅིག་ འབྲུག་བརྡ་བརྒྱུད་གཞི་ཚོགས་ལུ་ བཙུགས་ཏེ་ཡོད་ཟེར་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ལས་ འགོ་དཔོན་ཅིག་གིས་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment