གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབྱར་རྩྭ་དགུན་འབུབ་ རིན་བསྡུར་ཚོང་འབྲེལ་གྱི་ ཕན་གནོད་གནད་སྡུད་སྙན་ཞུ།

༢༤/༨/༢༠༡༢   ༉ སོ་ནམ་ཐོན་སྐྱེད་ཚོང་འབྲེལ་མཉམ་འབྲེལ་ཞབས་ཏོག་གིས་ ད་རེས་ཁམས་ དབྱར་རྩྭ་དགུན་འབུབ་ ཚོང་འབྲེལ་ལམ་ལུགས་ལུ་ མི་ཚུ་ལས་ བསམ་འཆར་ལེན་ནིའི་དོན་ལུ་ ཞིབ་འཚོལ་འབད་མིའི་ནང་ ཞིབ་འཚོལ་ལུ་ ངོས་ལེན་འབད་མི་ བརྒྱ་ཆ་༨༦ གིས་ དུས་ཅི་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ འགོ་འདྲེན་འཐབ་མི་ རིན་བསྡུར་དེ་ འོས་ལྡན་མཐོང་ཡོདཔ་སྦེ་ དབྱར་རྩྭ་དགུན་འབུབ་ ཚོང་འབྲེལ་སྙན་ཞུའི་ནང་ བཀོད་ནུག།


གཞན་མི་བརྒྱ་ཆ་༡༣ གྱིས་རྐྱངམ་གཅིག་ ན་ཧིང་བཟུམ་སྦེ་ འབུབ་ཉོ་མི་དང་ བཙོང་མི་༢ ཐད་ཀར་དུ་ཕྱད་དེ་ ཚོང་འབྲེལ་འཐབ་ནིའི་ ལམ་ལུགས་དེ་ དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ བརྒྱ་ཆ་༣༩ གིས་ རིན་བསྡུར་འགོ་འདྲེན་འཐབ་སའི་ ས་ཁོངས་ཚུ་ནང་ མི་སེར་ཚུ་ རང་སོའི་འབུབ་ཚུ་ བཙོང་མ་ཚར་ཚུན་ ཆརཔ་ནང་ བསྒུག་སྡོད་དགོཔ་ལས་ ས་ཁོངས་ཚུ་ རྒྱ་བསྐྱེད་འབད་དགོཔ་སྦེ་སླབ་ཡོདཔ་ད་ བརྒྱ་ཆ་༣༧ གྱིས་ བརྡ་དོན་སྤྲོད་ལེན་གྱི་ལམ་ལུགས་ཚུ་ ཡར་དྲག་གཏང་དགོཔ་ཡོདཔ་སྦེ་ སླབ་ཨིན་པས།
ལ་ལུ་ཅིག་གིས་འབད་བ་ཅིན་ རིན་བསྡུར་གྱི་སྐབས་ལུ་ རང་སོའི་བསྡུ་བསྒྱོམ་འབད་མིའི་འབུབ་ཚུ་ལུ་ བཀོད་པའི་གོང་ཚད་ཚུ་ སེམས་ཁར་མ་འབབ་པ་ཅིན་ ལོག་འཐུ་ཆོགཔ་བཟོ་དགོཔ་སྦེ་ སླབ་ཡོདཔ་ཨིན་རུང་ བརྒྱ་ཆ་༢༠ གིས་ ད་རེས་ཀྱི་ལམ་ལུགས་དེ་ ལེགས་ཤོམ་ཡོདཔ་ལས་ བསྒྱུར་བཅོས་འབད་དགོཔ་མིན་འདུག་ཟེར་སླབ་ནུག།
བརྒྱ་ཆ་༧༠ གྱིས་ ད་ལྟོ་བཟུམ་སྦེ་ ས་གནས་ཅིག་ནང་ རིན་བསྡུར་འགོ་འདྲེན་འཐབ་པའི་སྐབས་ གོང་ཚད་ལེགས་ཤོམ་ འཐོབ་མི་ཚུགས་ནི་བཟུམ་ཅིག་མཐོང་པ་ཅིན་ ས་གནས་ཀྱི་ ནགས་ཚལ་འགོ་དཔོན་ཚུ་ལས་ སྐྱེལ་འདྲེན་གྱི་ ཆོག་ཐམ་ཞུ་སྟེ་ ས་གནས་གཞན་ཁར་འབག་ཆོག་མི་དེ་གིས་ གོང་ཚད་ཀྱི་ ཞིབ་འཚོལ་འབད་ནི་ལུ་ གོ་སྐབས་ལེགས་ཤོམ་ཅིག་ཨིནམ་ལས་ འདི་ལུ་ར་གནས་དགོཔ་སྦེ་ སླབ་རུང་ བརྒྱ་ཆ་༣༠ གིས་འབད་བ་ཅིན་ ས་གནས་ཁག་ཚུ་ནང་ སྤོ་ཡི་ར་ འབག་ཆོགཔ་བཟོ་མི་དེ་ལུ་བརྟེན་ ཚུལ་མིན་གྱི་ལཱ་བྱ་འཐབ་མིའི་ གནད་དོན་ཚུ་ཡང་ འཐོན་སྲིད་ནི་ཨིནམ་སྦེ་ སླབ་ཡོདཔ་ཨིན་པས།
དུས་ཅི་གི་ རིན་བསྡུར་སྐབས་ལུ་ འབུབ་ཆག་དཀྲུམས་སོང་མི་ཚུ་ མི་ཚུ་གིས་ རྩང་དུམ་ཚུ་དང་ སུ་པར་གུ་ལུ་ཚུ་ ལག་ལེན་འཐབ་ཐོག་ལས་  མཐུད་དེ་འབག་འོང་མི་གིས་ མ་འོངས་པའི་ཚོང་ལམ་ལུ་ གནོད་ཉེན་ཡོདཔ་སྦེ་ ཕྱིར་ཚོང་འཐབ་མི་ཚུ་གིས་ སླབ་ཡོད་པའི་སྙན་ཞུའི་ནང་བཀོད་ནུག།
དེ་དང་གཅིག་ཁར་ .བརྒྱ་ཆ་༦༩ གིས་ དབྱར་རྩྭ་དགུན་འབུབ་ཚུ་ ཚུལ་མིན་ཐོག་ལས་ གཞན་མི་རྒྱལ་ཁབ་ཚུ་ནང་ ཚོང་འབྲེལ་འཐབ་དོ་ཡོདཔ་སྦེ་ སླབ་ཡོད་རུང་ བརྒྱ་ཆ་༣༠ གིས་ དེ་བཟུམ་མའི་ ནག་ཚོང་འཐབ་ས་ མ་མཐོངམ་སྦེ་ སླབ་ཨིན་པས།
དེ་ལུ་བརྟེན་ རྒྱལ་ཁབ་ཀྱི་ ས་མཚམས་ཚུ་བརྒྱུད་དེ་ མི་ཚུ་གིས་ དབྱར་རྩྭ་དགུན་འབུབ་ ནག་ཚོང་འཐབ་མི་ཚུ་ བཀག་ནིའི་དོན་ལུ་ ས་མཚམས་ཚུ་བདའ་སྟེ་ སྲུང་སྐྱོབ་ཚུ་ ཡར་དྲག་གཏང་དགོཔ་ཡོད་པའི་ བསམ་འཆར་བཀོད་ཡོདཔ་ཨིན་པས།
ཞིབ་འཚོལ་གྱི་དོན་ལུ་ ངོས་ལེན་འབད་མི་ ལ་ལུ་ཅིག་གིས་ ད་རེས་ནངས་པ་ འབུབ་འཐུ་ནིའི་ཆོག་ཐམ་ཚུ་བྱིན་ནིའི་དབང་ཚད་དེ་ རྒེད་འོག་གི་ རྒཔོ་ཚུ་གི་དོན་ལུ་རྐྱངམ་གཅིག་ སྤྲོད་ཡོད་མི་དེ་གིས་ མ་འོངས་པར་ ངན་ལྷད་ཀྱི་ལཱ་ཚུ་ནང་ འབྲེལ་ཞུགས་འབད་ནིའི་གོ་སྐབས་ཡོདཔ་ལས་ གཞུང་གིས་འབྲེལ་གཏོགས་འབད་དགོཔ་འདུག་ཟེར་ ཨིན་པས།
གཞན་ཡང་ དེ་བཟུམ་མའི་བསམ་འཆར་ ལེ་ཤ་ཅིག་ར་ བཀོད་ཡོདཔ་ཨིན་རུང་ དེ་ཚུ་ འཕྲལ་མགྱོགས་ར་ འཚོགས་ནི་ཨིན་མི་ དབྱར་རྩྭ་དགུན་འབུབ་དང་ འབྲེལ་བ་ཡོད་མི་ཚུ་གི་ ཞལ་འཛོམས་སྐབས་ལུ་ གྲོས་བསྡུར་འབད་ཐོག་ལས་ ཐག་བཅད་ནི་ཨིན་ཟེར་ སོ་ནམ་ཐོན་སྐྱེད་ཚོང་འབྲེལ་མཉམ་འབྲེལ་ཞབས་ཏོག་གི་ ཚོང་འབྲེལ་འགོ་དཔོན་ རྡོ་རྗེ་དབང་ཕྱུག་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༡ ལུ་ འབུབ་བཙོང་མི་དང་ ཉོ་མི་༢ ཐད་ཀར་དུ་ཕྱད་ཐོག་ལས་ ཚོང་འབྲེལ་འཐབ་བཅུག་པའི་སྐབས་ འབུབ་ཀྱི་ཚད་གཞི་ཡང་ རྒྱ་ཆེ་དྲགས་སྦེ་ མར་འབབ་སོང་ཡོད་པའི་ཁར་ དེ་ལུ་ ཉོ་བཙོང་འཐབ་མི་༢ ཆ་རའི་ཧོང་ལས་ བྱ་སྟབས་མ་བདེཝ་ཡོདཔ་སྦེ་ སླབ་མ་ཚད་ གནད་སྡུད་ཚུ་ ངེས་ཏིག་ཐོབ་མ་ཚུགས་པའི་ཁར་ ལྟ་རྟོག་ཚུ་ཡང་ ཚུལ་མཐུན་འབད་མ་ཚུགས་ནི་དེ་གིས་ དུས་ཅི་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་སྦེ་ རིན་བསྡུར་འགོ་འདྲེན་འཐབ་བཅུག་ཅི་ཟེར་ཨིན་པས།
ཨིན་རུང་ ཤུལ་ལས་ མི་སེར་ཁོང་ར་གིས་ ཕྱིར་ཚོང་འཐབ་ཚུགསཔ་ ཐལ་བའི་བསྒང་ལས་ ད་རེས་བཟུམ་སྦེ་ རིན་བསྡུར་ཚུ་ འགོ་འདྲེན་མ་འཐབ་པར་ ཐད་ཀར་དུ་ ཕྱིར་ཚོང་འཐབ་བཅུག་ནི་ལུ་ དམིགས་གཏད་བསྐྱེད་དོ་ཡོདཔ་མ་ཚད་ དུས་ཅི་ཡང་ འབུབ་བསྡུ་བསྒྱོམ་འབད་མི་༢ ཀྱིས་ རིན་བསྡུར་ནང་མ་བཙུགས་པར་ ཕྱིར་ཚོང་འཐབ་སྟེ་ ཡོད་ཟེར་ཨིན་པས།
དུས་ཅི་ དབྱར་རྩྭ་དགུན་འབུབ་ རིན་བསྡུར་འཐབ་བའི་ ས་ཁོངས་༧ གྱི་ནང་ འབུབ་ ཀེ་ཇི་༢༣༥.༨༩ བཙོང་ཡོདཔ་ད་ གོང་ཚད་མཐོ་ཤོས་དེ་ ལུང་ནག་ན་ལུ་ འབུབ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༢,༢༠,༠༠༠ དང་ དམའ་ཤོས་དེ་ སྤ་རོ་བཙན་ཏོ་ལུ་ དངུལ་ཀྲམ་༥༡,༠༠༠ འབད་བཙོང་ཡོདཔ་ཨིན་པས།
གནད་སྡུད་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༩ ལས་འགོ་བཙུགས་ རྒྱལ་ཁབ་ནང་ དབྱར་རྩྭ་དགུན་འབུབ་ཀྱི་ཐོན་སྐྱེད་ མར་འབབ་འགྱོ་དོ་ཡོདཔ་ཨིན་རུང་ ན་ཧིང་ འབུབ་ཉོ་མི་དང་ བཙོང་མི་ཚུ་ ཐད་ཀར་དུ་ཕྱད་དེ་ ཚོང་འབྲེལ་འཐབ་པའི་སྐབས་ མར་འབབ་སོང་ཡོདཔ་སྦེ་ བཀོད་ནུག།
སོ་ནམ་ཐོན་སྐྱེད་ཚོང་འབྲེལ་མཉམ་འབྲེལ་ཞབས་ཏོག་ འགོ་དཔོན་ཚུ་གིས་འབད་བ་ཅིན་ འབུབ་ཀྱི་ཐོན་སྐྱེད་ མར་འབབ་སོང་མི་དེ་ རི་ཁ་ལུ་ ཐོན་སྐྱེད་མར་འབབ་འགྱོ་མི་ལུ་བརྟེན་ཏེ་མེན་པར་ ནག་ཚོང་འཐབ་མི་ཚུ་ལུ་བརྟེན་ཏེ་ཨིན་པའི་ དོགས་སྣང་ཡོདཔ་ཨིན་རུང་ དེ་ལུ་ སྒྲུབ་བྱེད་ཚུ་ ག་ཅི་ཡང་མེད་ནི་དེ་གིས་ ངེས་བདེན་ཨིན་ལུགས་ཚུ་ སླབ་མི་ཤེས་པས་ཟེར་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment