གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེངས་མཁར་རྒེད་འོག་གི་ སོ་ནམ་ཞིང་ལམ་ བསལ་ཚར་ནི་གུ་ལྷོད་ཡོདཔ།

༢༤/༨/༢༠༡༢      ཞིང་ལམ་སེལཝ་ད་ གདོང་ལེན་ག་དེམ་ཅིག་བྱུང་རུང་ རྒེད་འོག་ལྟེ་བའི་ས་ཁོངས་ནང་ ལྷོད་ནིའི་དོན་ལུ་ ཀི་ལོ་མི་ཊར་༢ དེ་ཅིག་ལས་ བསལ་དགོཔ་མེད་ཟེར་ཨིན་པས།

 ༉ མོང་སྒར་རྫོང་ཁག་ སྐྱེངས་མཁར་རྒེད་འོག་གི་ ས་ཁོངས་མང་ཤོས་ཅིག་ནང་ ས་ཆ་ཚུ་ བྱེམ་དང་ ས་རུག་རྡོ་རུག་སྦེ་ ཡོད་མི་ཚུ་བརྒྱུད་དེ་ རྒེད་འོག་ནང་ སོ་ནམ་ཞིང་ལམ་ ཀི་ལོ་མི་ཊར་༢༨ སེལ་བའི་བསྒང་ཡོད་མི་དེ་ལུ་ གདོང་ལེན་ག་དེམ་ཅིག་བྱུང་རུང་ ད་རེས་ནངས་པ་ ཧ་ལམ་བསལ་ཚར་ནི གུ་ ལྷོད་ཡོདཔ་ཨིན་པས།
སྐེད་པ་རི་ལུ་ བྱེམ་ས་ཡོད་མི་ལུ་བརྟེན་ ཞིང་ལམ་སེལ་བའི་སྐབས་ ས་རུད་ཆད་དེ་ ལཱ་ལུ་བར་ཆད་རྐྱབ་དོ་ཡོདཔ་ཨིན་མས།
སྐྱེངས་མཁར་རྒེད་འོག་ལྟེ་བའི་མཐོང་སྣང་།


དེ་ཡང་ རྒེད་འོག་དེ་ནང་ འཁོར་ལམ་བསལ་ནིའི་ལཱ་དེ་ སྤྱི་ལོ་༢༠༠༩ ལས་ འགོ་བཙུགས་ཡོདཔ་ད་ འཁོར་ལམ་དེ་ ཀི་ལོ་མི་ཊར་༡༢ དེ་ཅིག་གི་ས་གནས་ སྟོང་ལ་གཡུས་ཚན་ཚུན་ ཁག་འབག་ཐོག་ལུ་ སྤྲོད་ཡོད་རུང་ སྟོང་ལ་གཡུས་ཚན་ལས་ ད་རུང་ ཀི་ལོ་མི་ཊར་༡༨ དེ་ཅིག་ བསལ་དགོཔ་ཡོད་མི་དེ་ རྫོང་ཁག་གིས་ བདེ་སྐྱིད་གླིང་ཁག་འབག་དེ་ གླ་ཁར་ལེན་ཐོག་ལས་ འདས་པའི་ཟླཝ་༡༥ དེ་ཅིག་ལས་ བསལ་ནི་འགོ་བཙུགས་ཡོདཔ་ལས་ ད་རེས་ནངས་པ་ རྒེད་འོག་ལྟེ་བ་ཚུན་ ལྷོད་ནི་ལུ་ ད་རུང་ ཀི་ལོ་མི་ཊར་༢ མ་ལངམ་ཅིག་ལྷག་ལུས་ ཡོདཔ་ཨིན་པས།
བདེ་སྐྱིད་གླིང་ཁག་འབག་གི་ ལཱ་གི་ལྟ་རྟོག་པ་ ཁམ་ཀྲུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འཁོར་ལམ་བསལ་ནི་ལུ་ གདོང་ལེན་སྦོམ་བྱུང་མི་དེ་ཡང་ རྒེད་འོག་དེ་ནང་གིས་ཆ་ཚུ་ ས་རུག་རྡོ་རུག་དང་ བྱེམ་ས་སྦེ་ཡོདཔ་ལས་ འཁོར་ལམ་གྱི་ དཔག་ཚད་བཀལ་མི་ ས་ཁྲ་དང་འཁྲིལ་ ལམ་བཏོན་དོ་ཡོད་རུང་ འཁོར་ལམ་བཏོན་ཚར་ཞིནམ་ལས་ ས་ཆ་ཚུ་ བརྟན་ཏོག་ཏོ་མེདཔ་ལས་ ལམ་གྱི་གཞི་འགྱམ་ལས་ར་ འཕྱགས་འབགཔ་མས་ཟེར་ཨིནམ་ད་ ལམ་ལྟག་ལས་མར་ ས་རུད་ཆད་དེ་ འོང་མི་གིས་ མིའི་ཚེ་སྲོག་ལུ་ཡང་ ཉེན་ཁ་འདུག་ཟེར་ཨིན་པས།
དེ་མ་ཚད་ ལཱ་ཤུགས་བཏོན་ནིའི་དོན་ལུ་ བྱག་ཡོད་པའི་རྡོ་ཚུ་ལུ་ གས་རྫས་བཀལ་རུང་ ལཱ་ཤུལ་བཏོན་མ་ཚུགས་མི་དེ་ཡང་ ས་རུག་རྡོ་རུག་ཚུ་ ཙུ་ནེ་རྡོ་དང་ རྡོ་ནག་ཚུ་ཨིནམ་ལས་བརྟེན་ རྡོ་ཚུ་རྒྱ་སྦོམ་སྦེ་ གག་མི་བཏུབ་པས་ཟེར་ཨིནམ་ད་ ཨིན་རུང་ ལཱ་འབད་མི་ཚུ་གི་ཧོངས་ལས་ ག་དེ་དྲག་དྲག་ རྩ་འགེངས་དོ་ཟེར་ཨིན་པས།
ད་རེས་ནངས་པ་ ས་གནས་བཱོང་ཕུག་ཟེར་སར་ལྷོད་ཡོདཔ་ད་ ས་ཆ་བརྟན་ཏོག་ཏོ་མེདཔ་ལས་ འདས་པའི་ཟླཝ་དག་པ་ཅིག་གི་རིང་ ཆརཔ་རྐྱབ་མི་ལུ་བརྟེན་ ལཱ་གི་གྲུབ་འབྲས་སྦོམ་བཏོན་ནི་ལུ་ ལཱ་ཁག་རྐྱབ་ཡོདཔ་ད་ དེ་ཡང་ ས་རུད་ཆད་འོང་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
མ་གཞི་ འཁོར་ལམ་དེ་ དུས་ཅི་ སྤྱི་ཟླ་༡༡ པའི་ནང་ བསལ་ཚརཝ་འབད་ནི་གི་ དཔའ་བཅམ་ཡོད་རུང་ ས་ཆའི་གནས་སྟངས་ལུ་བརྟེན་ སྤྱི་ཟླ་༡༢ པའི་ནང་རྐྱངམ་གཅིག་ མཇུག་བསྡུ་ཚུགས་ནི་བཟུམ་ཅིག་ འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྫོང་ཁག་བདག་སྐྱོང་གིས་འབད་རུང་ འཁོར་ལམ་དེ་ ག་དེ་མགྱོགས་མགྱོགས་ ཚ་ངེར་བཏོན་ཏེ་ བསལ་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ལས་ ལཱ་འབད་མི་ཚུ་གི་ཁ་ཐུག་ལས་འབད་རུང་ རྩ་འགེངས་ཏེ་ར་ ཕྱག་ཞུ་དོ་ཟེར་ཨིན་པས།
ས་ཁོངས་ཀྱི་ བཟོ་རིག་འགོ་དཔོན་ པཱེམ་ བྷ་དུར་དགའ་ལེགས་ཀྱིས་ སླབ་མིའི་ནང་ ལཱ་གི་གྲུབ་འབྲས་ ཤུགས་བཏོན་ནིའི་དོན་ལུ་ ག་དེམ་ཅིག་ རྩ་འགེངས་རུང་ ལམ་ལྟག་ལས་མར་ ཨ་རྟག་ར་ མི་ཊར་༣༠ དེ་རེ་ ས་རུད་ཆད་འོང་དོ་ཡོདཔ་ལས་ ས་ཆའི་གནས་སྟངས་ལུ་བརྟེན་ འཁོར་ལམ་དེ་ མགྱོགས་སུ་སྦེ་ བསལ་ཚར་ནི་ལུ་ དོ་འགྲན་བྱུངམ་མས་ཟེར་ཨིན་པས།
སྐྱེངས་མཁར་རྒཔོ་ ཀརྨ་རྡོ་རྗེ་གིས་ སླབ་མིའི་ནང་ རྒེད་འོག་དེ་ནང་ འཁོར་ལམ་བསལ་ནི་ལུ་ གདོང་ལེན་ག་དེམ་ཅིག་བྱུང་རུང་ ད་རེས་ནངས་པ་ རྒེད་འོག་གི་ ས་ཁོངས་ནང་ལྷོད་ནི་ལུ་ ཀི་ལོ་མི་ཊར་༢ དེ་ཅིག་ལས་ མེད་ཟེར་ཨིནམ་ད་ འཁོར་ལམ་དེ་གིས་ མི་སེར་ཚུ་གི་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ཚུགས་ཟེར་ཨིན་པས།
རྒེད་འོག་ནང་ མི་སེར་དང་ ཞི་གཡོགཔ་ཚུ་གིས་འབད་རུང་ འཁོར་ལམ་དེ་ རྒེད་འོག་ལྟེ་བ་ཚུན་ ལྷོད་དོ་ཡོདཔ་ལས་ སྣུམ་འཁོར་ཉོ་ཚུགས་པའི་ བསམ་པ་ལས་ལྷག་སྟེ་ བཟའ་འཐུང་གི་གོང་ཚད་ཚུ་ མར་ཕབ་འགྱོ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ད་ དེ་ཡང་ འཁོར་ལམ་མེད་པའི་སྐབས་ལུ་ བཟའ་འཐུང་གི་རིགས་ཚུ་ ཚོང་པ་ཚུ་གིས་ དོས་གླ་རྩིས་རྐྱབ་དོ་ཡོདཔ་ལས་ གོང་ཚད་སྦོམ་གནས་ནི་དེ་གིས་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment