གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨའི་ཚེ་ལས་འདས་པའི་ཤུལ་ལུ་ བུམོ་༣ མགུ་འཐོམ་ཡོདཔ།

༢༥/༨/༢༠༡༢    ༉ སྤྱི་ཟླ་༨ པའི་ཚེས་༡༧ ལུ་ དབང་འདུས་ཕོ་བྲང་ སྲས་ཕུག་རྒེད་འོག་ལས་ སྐྱེས་ལོ་༤༠ ལང་མི་ ཨམ་སྲུ་ཅིག་བརྡུང་རྫོབ་འབད་བའི་རྐྱེན་ལུ་བརྟེན་ ཤི་རྐྱེན་བྱུང་བའི་ཤུལ་ལུ་ མོ་གི་ཨ་ལུ་༣ ག་གིས་ གསོ་ནི་ཨིན་ན་མ་ཤེས་པ་ མགུ་འཐོམ་སྟེ་ལུས་ཡོདཔ་ཨིན་པས།
ཚེ་འདས་ཉམས་རྒུདཔ་དེ་ དོགས་ཅན་གྱིས་ འདྲུད་བདའ་བའི་སྐབས་ བཤུབས་ལུས་མི་གོ་ལ་ཚུ།


མ་གཞི་ ཚེ་འདས་དེ་ ཆང་འཐུང་སྡོད་མི་ཅིག་ཨིན་རུང་ མོ་གི་བཟའ་ཚང་དེ་ རོགས་ཀྱི་ལཱ་འབད་དེ་ འཚོ་སྐྱོང་འབད་མི་ ངོ་མ་ཅིག་ཨིནམ་ལས་ མོ་ར་ཚེ་ལས་འདས་ཚར་བའི་ཤུལ་ལུ་ བུམོ་༣ བདག་འཛིན་འཐབ་མི་སྒྲིང་སྒྲིང་ ཅིག་མེད་པའི་ དཀའ་ངལ་ཡོདཔ་མ་ཚད་ བུམོ་སྦོམ་ཤོས་༢ པ་དེ་ ཨ་པ་སོ་སོ་ཨིནམ་ལས་ སློབ་གྲྭའི་ཟད་འགྲོ་བཏང་མི་མེད་པའི་ ཚ་གྱང་ཡོདཔ་ཨིན་པས།
བུམོ་ སྦོམ་ཤོས་སྐྱེས་ལོ་༡༤ ལང་མི་དེ་ ནོརབུ་སྡིངས་སློབ་གྲྭ་ནང་ སློབ་རིམ་༧ པའི་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ད་ མོ་གི་འོག་ལས་ སྲས་ཕུག་མི་སྡེ་སློབ་གྲྭའི་ སློབ་རིམ་༢ པའི་ནང་ཡོདཔ་ཨིན་པས།
ཚེ་འདས་ཀྱི་ཨ་པ་ སྐྱེས་ལོ་༧༣ ལང་མི་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ ཁོང་བཟའ་ཚང་ལུ་ ཧེ་མ་ལས་བཟའ་འཐུང་མ་ལང་པའི་དཀའ་ངལ་ཡོད་པའི་ཁར་ བུམོ་གྱོང་བའི་སྐབས་ལས་ དཀའ་ངལ་དེ་ ཧེང་སྐལ་ར་མྱོང་དོ་ཟེར་ཨིནམ་ད་ ཚེ་འདས་དེ་ ཆང་འཐུང་རུང་ གཡུས་ཁ་ལཱ་འབད་དེ་ བུ་གཞི་གསུམ་ཆ་ར་ མོ་ར་གིས་བདག་འཛིན་ཐབས་ནི་ ཡོད་ཟེར་ཨིན་པས།
ཨ་པ་དེ་ ཧེ་མ་ལས་ མ་ཁྱིམ་ནང་ལས་ཐོན་ཏེ་ ཀླུ་རྫོར་གཡུས་ཚན་ནང་ སྡོད་དོ་ཡོདཔ་ད་ ཚེ་འདས་ཀྱི་གཡུས་དེ་ ས་གནས་དེ་ཁ་ལས་ རྐང་སྟོང་སྦེ་ དུས་ཡུན་སྐར་མ་༢༠ དེ་ཅིག་ འགྱོ་དགོ་པའི་ ས་གནས་བླམ་སྦྱིས་ཟེར་ས་ལུ་ཨིན་པས།
ཚེ་འདས་ཀྱི་རྨགཔ་དེ་ མགར་ས་རྫོང་ཁག་ ལུག་ནག་ན་ལས་ཨིནམ་ལས་ གནས་ཚང་གྱོང་བའི་སྐབས་ ཁོ་ར་ལུག་ནག་ན་ ཁྱེགས་མཚོ་མར་ཕབ་ཀྱི་ ལས་འགུལ་གྱི་ལཱ་འབད་ས་ ཚོང་རྐྱབ་པ་སོང་ཡོདཔ་ལས་ ད་རིས་ ཚེ་འདས་ཀྱི་ བདུན་ཚིག་བཟུང་བའི་སྐབས་ ཁྱིམ་ནང་ལྷོད་ཚུགས་པའི་རེ་བ་བསྐྱེད་དོ་ཡོདཔ་ད་ རྨགཔ་དེ་ མང་ཤོས་ཅིག་ ཁྱིམ་ནང་སྡོད་ནི་མེད་ཟེར་ གཡུས་མི་ཚུ་གིས་བཤད་ཅི།
ཚེ་འདས་ཀྱི་ནུ་གཅུང་ སངས་རྒྱས་དཔལ་འབྱོར་གྱིས་འབད་བ་ཅིན་ ཚེ་འདས་ཀྱི་ཁྱིམ་ནང་ ཆུམ་ཕད་ཙེ་གང་ཡང་མེད་པའི་དཀའ་ངལ་ཡོདཔ་ལས་ སློབ་གྲྭའི་ནང་འགྱོ་མི་ཨ་ལོ་༢ ཁོ་ར་དང་གཅིག་ཁར་ བུམ་ཐང་ལུ་ཁྱིད་འགྱོ་དགོཔ་བཟུམ་ཅིག་ཡོད་ཟེར་ཨིནམ་ད་ ཁོ་ར་ ཞི་གཡོག་ཅིག་ཨིན་རུང་ གནས་ཚང་ལཱ་གཡོག་མེདཔ་ལས་ ཁོ་རའི་ཨ་ལུ་རྩིསཝ་ད་ ཨ་ལུ་༥ ག་དེ་སྦེ་ གསོ་ཚུགས་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས།
ཚེ་འདས་ཀྱི་ཨ་ལུ་༢ དེ་ དང་ཕུའི་ཁྱིམ་རྙིངམ་ཅིག་ནང་སྡོད་དོ་ཡོདཔ་ད་ ཁྱིམ་མཐའ་འཁོར་ལུ་ཡོད་པའི་ ས་གླང་དོ་༣ དེ་ཅིག་ནང་ཡང་ ལོ་ཐོག་གཞན་འཚོ་མ་བཏུབ་ལས་ ཚོད་བསྲེ་གི་རིགས་དུམ་གྲ་ཅིག་ བཏབ་ཡོད་མི་དེ་གིས་ འཚོ་བའི་གནས་སྟངས་ རྒྱུན་སྐྱོང་འཐབ་མ་ཚུགས་པའི་དཀའ་ངལ་ཡོདཔ་ཨིན་པས།
ཚེ་འདས་དེ་ སྤྱི་ཟླ་༨ པའི་ཚེས་༡༧ གྱི་དྲོ་པའི་ཆུ་ཚོད་༣ དེ་ཅིག་ཁར་ སྤུ་ན་ཁ་ འཕྲིན་ལས་སྒང་ལུ་སྦེ་ཤི་ཡོདཔ་ད་ རྐྱེན་ངན་དེ་ མོ་ར་ དབང་འདུས་བ་ཇོ་སྨན་ཁང་ནང་ལས་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་བར་སྐྱེལ་བའི་ལམ་ཁར་ བྱུང་ཡོདཔ་ཨིན་པས།
བརྡུང་རྫོབ་ཀྱི་རྐྱེན་ངན་དེ་ སྤྱི་ཟླ་༨ པའི་ཚེས་༡༤ ལུ་ ཁྱིམ་ཚང་ཅིག་གི་ཁྱིམ་ནང་བྱུང་ཡོདཔ་ད་ དེ་ཡང་ ཚེ་འདས་ཀྱིས་ དོགས་ཅན་སྐྱེས་ལོ་༡༦ འབད་མི་བུཚ་གི་ཁྱིམ་ན་འོང་སྟེ་ འཐབ་མོ་འཚོལ་བའི་གནད་དོན་ལུ་བརྟེན་ དོགས་ཅན་གིས་ ཚེ་འདས་ལུ་ རྡོག་ཐལ་དང་མཛོག་ཕུ་ དེ་ལས་ རྟས་ཐག་གིས་ བརྡུང་བའི་སྙན་ཞུ་ཚུ་ ཁྲིམས་སྲུང་འགག་པ་ལུ་བཀལ་ཡོདཔ་ད་ དེ་བསྒང་ ཚེ་འདས་དེ་ ཆང་གིས་ འགྲངས་སོཔ་ཨིན་པས།
དེ་ལས་ དོགས་ཅན་གྱིས་ མོ་ཁྱིམ་འོག་ལས་མར་ མི་ཊར་༥༠ དེ་ཅིག་གི་ས་ཁར་ འདྲུད་བདའ་སྟེ་བཀོག་བཞག་ཡོདཔ་ད་  དེའི་ཤུལ་ཚུ་ ད་ལྟོའི་བར་ན་ཡང་མཐོང་ནི་ཡོདཔ་མ་ཚད་ ཚེ་འདས་འདྲུད་བདའ་བའི་སྐབས་ གོ་ལ་བཤུབས་འགྱོ་མི་དེ་ཡང་ ད་ལྟོའི་བར་ན་ས་གནས་དེ་ཁར་ཡོདཔ་ད་ མོ་རང་ས་གནས་དེ་ཁར་ སྒྱེན་མོ་སྦེ་ཞག་༢ ལུས་ཡོདཔ་ཨིན་པས།
ཉམས་རྒུདཔ་དེ་ ཁྱིམ་ནང་ལོག་མ་འོང་པ་ ཉིནམ་༢ སོང་ཞིནམ་ལས་ མོ་རའི་ཨ་པ་གིས་ ཁྱིམ་ཚང་ཚུ་ལུ་སླབ་ཐོག་ལས་ ཁོང་མི་༡༡ འབད་མི་ སྡེ་ཚན་ཅིག་གིས་ འཚོལ་བར་འགྱོཝ་ད་ དོགས་ཅན་གྱི་ ཁྱིམ་འོག་ལུ་ སྡོད་ཡོདཔ་མཐོང་སྟེ་ དེ་འཕྲོ་ལས་ རྒོཔ་ལུ་སྙན་ཞུ་འབད་དེ་ ལྕགས་ཟམ་སྨན་ཁང་ཆུང་བའི་ནང་སྐྱེལ་ཡོདཔ་ཨིན་པས།
སྨན་ཁང་ཆུང་བ་དེ་ མོ་རྐྱེན་ངན་འབྱུང་ས་ལས་ ཀི་ལོ་མི་ཊར་༩ དེ་ཅིག་གི་ ས་ཁར་ཨིནམ་ད་ མོ་འཚོལ་བ་འགྱོ་མིའི་གྲས་ལས་ སྐྱེས་ལོ་༣༤ ལང་མི་ ཟླ་བ་ཚེ་རིང་གིས་འབད་བ་ཅིན་ དེ་བསྒང་ ཚེ་འདས་དེ་ སྒྱེན་མོ་སྦེ་ཡོད་པའི་ཁར་ གཟུགས་འཁོལ་སི་སི་ལུ་གྱུར་སོ་ནུག་ཟེར་ཨིན་པས།
ཚེ་འདས་ཀྱི་ནུ་གཅུང་ ཟླ་བ་ཚེ་རིང་གིས་འབད་བ་ཅིན་ མོ་ལུ་བརྡུང་རྫོབ་འབད་རུང་ མོ་གི་ཉེ་ཚན་ལུ་ ས་གནས་དེ་ཁར་ཡོད་པའི་སྐོར་ལས་ སྙན་ཞུ་འབད་འབདཝ་ཨིན་པ་ཅིན་ མ་ཤིཝ་འོང་ཟེར་ཨིནམ་ད་ དོགས་ཅན་དེ་ ཁྲིམས་སྲུང་ འགག་པའི་ དོ་དམ་འོག་ལུ་བཙུགས་ཏེ་ ཉིནམ་༨ དེ་ཅིག་སོང་ཡོད་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment