གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞི་རྟེན་ཤེས་ཡོན་དང་ འཕྲོ་མཐུད་ཤེས་ཡོན་ལས་རིམ་གྱིས་ རྒྱལ་སྤྱིའི་གཟེངས་བསྟོད་རྟགས་མ་འཐོབ་ནི།

 ༢༨/༠༨/༢༠༡༢། ༉ སྤྱི་ལོ་༡༩༩༢ ལུ་ འབྲུག་རྒྱལ་ཡོངས་ཨམ་སྲུ་ཚོགས་སྡེ་གིས་ འགོ་ཐོག་མི་སྡེ་དག་པ་ཅིག་ནང་ གཞི་རྟེན་ཤེས་ཡོན་ལྟེ་བ་༥ དེ་ཅིག་ནང་ གཞི་རྟེན་ཤེས་ཡོན་སློབ་སྦྱོང་འབད་མི་ གཡུས་མི་༣༠༠ དེ་ཅིག་ལུ་ གཞི་རྟེན་ཤེས་ཡོན་ འགོ་བཙུགས་ཡོད་མི་དེ་ སྤྱི་ལོ་༡༩༩༦ ལས་ ཤེས་རིག་ལྷན་ཁག་གིས་ འགོ་འདྲེན་ཐོག་ལས་སྦེ་ ད་རེས་འབདཝ་ད་ རྫོང་ཁག༢༠ འི་ གཡུས་མི་༡,༦༠༠༠ དེ་ཅིག་ལུ་ གཞི་རྟེན་ཤེས་ཡོན་ཚུ་ བྱིན་ཡོདཔ་ཨིན་པས།
འགོ་དང་པ་གཞི་རྟེན་ཤེས་ཡོན་ལྷབ་མི་༣༠༠ དེ་ཅིག་ལས་མེད་རུང་ ད་རེས་ནངས་པ་ ལོ་བསྟར་བཞིན་དུ་ ཐོ་བཀོད་འབད་མི་༡༣,༠༠༠ རེ་ ཐོན་དོ་ཡོདཔ་ཨིན་པས།
རྫོང་ཁག་༢༠ འི་ནང་ གཞི་རྟེན་ཤེས་ཡོན་སློབ་སྦྱོང་ལྟེ་བ་༩༥༣ དེ་ཅིག་ གཞི་བཙུགས་འབད་མི་གིས་ སློབ་སྟོན་ཞབས་ཏོག་ཚུ་ བྱིན་དོ་ཡོདཔ་ད་ དེ་ཡང་ མང་ཆེ་ཤོས་ར་ ཧེ་མ་སློབ་གྲྭ་ནང་འགྱོ་མ་ཚུགས་པར་ གཡུས་ཁར་ལུས་མི་ མི་སེར་ཚུ་ཨིན་པས།
གཞི་རྟེན་ཤེས་ཡོན་གྱིས་ ཕན་ཐོགས་བྱུང་མི་ཚུ་གི་གྲས་ལས་ མང་ཤོས་ར་ ཨམ་སྲུ་ཚུ་ཨིན་པའི་ གསལ་སྟོན་འབདཝ་ཨིན་པས།
དུས་ཅི་ སྤྱི་ཟླ་༤ པ་ཚུན་གྱི་ གཞི་རྟེན་ཤེས་ཡོན་སློབ་སྦྱོང་འབད་མི་གི་ གནས་ཐོ་དང་འཁྲིལཝ་ད་ ལྟེ་བ་༩༥༣ ནང་ གཞི་རྟེན་ཤེས་ཡོན་ སློབ་སྦྱོང་འབད་བའི་བསྒང་ཡོད་མི་ ཡོངས་བསྡོམས་༡༣,༣༨༣ དེ་ཅིག་ ཡོད་པའི་གྲས་ལས་༩,༣༠༠ དེ་ཅིག་ ཨམ་སྲུ་ཨིན་པའི་་ཁར་ ཕོ་སྐྱེས་༤,༠༨༣ ལས་མིན་འདུག་ཟེར་ཨིན་པས།
ཤེས་རིག་ལྷན་ཁག་གི་ ན་ལོན་དང་ མཐོ་རིམ་ཤེས་ཡོན་ལས་ཁུངས་ཀྱི་ ལས་རིམ་འགོ་དཔོན་ ཀརྨ་འགྱུར་མེད་ཀྱིས་ སླབ་མིའི་ནང་ གཞི་རྟེན་ཤེས་ཡོན་གྱི་ལས་རིམ་ནང་ གཞི་རིམ་འབྲི་ལྷག་གི་སློབ་སྦྱོང་དང་ གཞི་རིམ་སློབ་སྦྱོང་ འབད་ཚར་ཞིནམ་ལས་ སྔོན་འགྲོའི་ འབྲི་ལྷག་ཤེས་ཡོན་གྱི་ སློབ་སྦྱོང་ཚུ་བྱིན་ནི་ཡོད་ཟེར་ཨིན་པས།
དེ་ཚུ་མཇུག་བསྡུ་ཞིནམ་ལས་ མི་སྡེའི་ཤེས་ཡོན་སློབ་སྦྱོང་ལྟེ་བ་ཟེར་ དཔེ་མཛོད་གཞི་བཙུགས་འབད་ཡོད་མི་ཚུ་ ལག་ལེན་འཐབ་ཐོག་ལས་ དཔེ་དེབ་ཚུ་ ལྷག་ནི་དང་ འབྲི་ནི་ཚུ་ རང་གིས་རྒྱུན་སྐྱོང་འཐབ་དགོ་པའི་ ལས་རིམ་ཚུ་ཡོད་ཟེར་ཨིན་པས།
གཞི་རིམ་འབྲི་ལྷག་སློབ་སྦྱོང་གི་སྐབས་ ཡི་གུའི་ངོ་སྤྲོད་ཚུ་དང་འབྲེལ་བའི་ སློབ་སྦྱོང་བྱིན་དོ་ཡོདཔ་ད་ སྔོན་འགྲོའི་འབྲི་ལྷག་གི་སློབ་སྦྱོང་སྐབས་ལུ་ ཡིག་གུའི་ལག་ལེན་དང་ འབྲི་ཐངས་དེ་ལས་ ལྷག་ཐངས་ཚུ་ སློབ་སྟོན་འབད་དོ་ཡོདཔ་ཨིན་པས།
དེ་ཚུ་མཐར་འཁྱོལ་ཞིནམ་ལས་ སློབ་སྦྱོང་འབད་ཡོད་མི་ཚུ་ མ་བརྗེད་པར་བཞག་ཐབས་ལུ་ མི་སྡེའི་ཤེས་ཡོན་སློབ་སྦྱོང་ལྟེ་བ་ཟེར་ མི་སྡེ་ཁག་ཚུ་ནང་ དཔེ་མཛོད་༢༢ དེ་ཅིག་ གཞི་བཙུགས་འབད་ཡོད་མི་ཚུ་ནང་ རང་གི་དུས་ཚོད་དང་བསྟུན་ ལག་ལེན་འཐབ་དགོ་པའི་ ལས་རིམ་ཡོདཔ་ཨིན་པས།
དུས་ཅི་ གཞི་རིམ་འབྲི་ལྷག་ཤེས་ཡོན་སློབ་སྦྱོང་འབད་མི་ ཡོངས་བསྡོམས་༡༠,༥༤༥ ཡོད་པའི་གྲས་ལས་༧,༥༤༡ ཨམ་སྲུ་ཚུ་ཨིན་པའི་ཁར་ ཕོ་སྐྱེས་༣,༠༠༤ མ་གཏོགས་ མིན་འདུག་ཟེར་ཨིན་པས།
ན་ཧིང་གཞི་རིམ་འབྲི་ལྷག་ཤེས་ཡོན་མཇུག་བསྡུ་སྟེ་ སྔོན་འགྲོའི་འབྲི་ལྷག་ཤེས་ཡོན་སློབ་སྦྱོང་འབད་མི་ ཡོངས་བསྡོམས་༢༨༡༥ ཡོད་ས་ལས་༡,༩༣༧ ཨམ་སྲུ་དང་ ཕོ་སྐྱེས་༨༧༨ ལས་མེད་ནི་དེ་གིས་ མཐའ་ཟུར་གྱི་གྲོང་གཡུས་ཚུ་ནང་ ཨམ་སྲུའི་ ཤེས་ཡོན་རིག་རྩལ་གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་སྦོམ་བྱུང་ཡོད་པའི་ གསལ་སྟོན་འབདཝ་ཨིན་པས།
གཞི་རྟེན་ཤེས་ཡོན་སློབ་སྦྱོང་འབད་མི་ཚུ་ལུ་ འབྲི་ལྷག་ཤེས་ཡོན་རྐྱངམ་གཅིག་མེན་པར་ ཁོང་གི་སློབ་སྟོན་དང་འབྲེལ་བའི་ ཆོས་ཚན་ཚུ་ག་ར་ ཨ་ལུའི་གཅེས་སྐྱོང་རིག་རྩལ་དང་ རྐྱེན་ངན་འཛིན་སྐྱོང་རིག་རྩལ་ དེ་ལས་ ལག་རྩལ་ཤེས་ཡོན་ཚུ་ཡང་ བྱིན་དོ་ཡོདཔ་ཨིན་པས།
སློབ་རིམ་༡༠ པ་མཇུག་བསྡུ་ཞིནམ་ལས་ ཆེ་རིམ་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ མ་ཐོབ་པར་ལུས་མི་ཚུ་ལུ་ཡང་ འཕྲོ་མཐུད་ཤེས་ཡོན་ལས་རིམ་ འགོ་བཙུགས་མི་གིས་ ན་ལོན་མང་རབས་ཅིག་ལུ་ ཤེས་ཡོན་རྒྱ་བསྐྱེད་ཀྱི་གོ་སྐབས་ཐོབ་ཡོད་མི་ཚུ་གི་གྲས་ཁར་ཡང་ ཨམ་སྲུ་ཚུ་མངམ་འདུག་ཟེར་ འགོ་དཔོན་ཚུ་གིས་བཤད་ཅི།
གཞི་རྟེན་ཤེས་ཡོན་ལས་རིམ་དང་ འཕྲོ་མཐུད་ཤེས་ཡོན་ལས་རིམ་གྱིས་ མི་སྡེའི་ནང་ འབྲི་ལྷག་གི་ ཤེས་ཡོན་གོང་འཕེལ་བཏང་བའི་ཁར་ ཤེས་ཡོན་རིག་རྩལ་གོང་འཕེལ་བཏང་ནི་གི་ གོ་སྐབས་རྒྱ་བསྐྱེད་འབད་མི་ལུ་ འཛམ་གླིང་སྤྱི་ཚོགས་ཤེས་ཡོན་ཚན་རིག་དང་ ལམ་སྲོལ་ཚོགས་སྡེ་ ཡུ་ནིསི་ཀོ་གིས་ ངོ་སྦྱོར་འབད་ཐོག་ལས་ འབྲི་ལྷག་ཤེས་ཡོན་གྱི་ གཟེངས་བསྟོད་རྟགས་མ་ཚུ་ གནང་ནི་ཨིན་པས།
རྟགས་མ་དེ་ཡང་ སྤྱི་ཟླ་༩ པའ་ིཚེས་༨ ལུ་ ཕཱརནསི་རྒྱལ་ཁབ་ཀྱི་ རྒྱལ་ས་ པེ་རིསི་ལུ་ཡོད་མི་ ཡུ་ནིསི་ཀོ་གི་ ཡིག་ཚང་གོང་མའི་ནང་ལུ་སྦེ་ ན་ལོན་དང་ མཐོ་རིམ་ཤེས་ཡོན་ལས་ཁུངས་ལུ་ གནང་ནི་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment