གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སཱག་ལུང་ཕྱོགས་རྒྱལ་ཁབ་གཞན་ཚུ་དང་ གློག་མེ་ཚོང་འབྲེལ་འཐབ་ནི།

༣༠/༨/༢༠༡༢   ༉ འབྲུག་གིས་ སྤྱི་ལོ་༡༩༨༦ ལས་འགོ་བཙུགས་  གློག་ཤུགས་ཐེབས་ཚུ་ རྒྱ་གར་རྒྱལ་ཁབ་ནང་ ཕྱིར་བཙོང་འབད་དོ་ཡོདཔ་ད་ ད་ལས་ཕར་འབད་རུང་ གློག་ཤུགས་ཚུ་ ཡར་སེང་ཐོག་ ཕྱིར་བཙོང་འབད་ནི་ཨིན་ཟེར་ གློག་མེ་དང་ གློག་མེ་ལམ་ལུགས་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཡེ་ཤེས་དབང་འདུས་ཀྱིས་ ཁ་ཙ་ ཐིམ་ཕུ་ལུ་འཚོགས་མི་ རྒྱལ་སྤྱིའི་ས་མཚམས་བརྒྱུད་དེ་ རྒྱུན་ཐག་ཐོག་ ནུས་ཤུགས་ཚོང་འབྲེལ་ཞལ་འཛོམས་ཀྱི་སྐབས་ལུ་ སླབ་ཡོདཔ་ཨིན།
ནུས་ཤུགས་ཚོང་འབྲེལ་ཞལ་འཛོམས་འཚོགས་པའི་བསྒང་།


ཁོ་གིས་ བཅའ་མར་གཏོགས་མི་ཚུ་ལུ་ གསལ་བཤད་འབད་མིའི་ནང་ ད་རེས་ནངས་པར་ འབྲུག་གིས་  གློག་ཤུགས་མེ་ག་ཝཱཊི་༡,༤༨༠ ཐོན་སྐྱེད་འབད་དོ་ཡོདཔ་བཞིན་དུ་ གློག་ཤུགས་ཐེབས་ཚུ་ རྒྱ་གར་རྒྱལ་ཁབ་ནང་ བཙོང་ནིའི་དོན་ལུ་ ས་མཚམས་བརྒྱུད་དེ་ གློག་མེའི་རྒྱུན་ལམ་ ཁག་༣ གཞི་བཙུགས་འབད་དེ་ ཡོད་ཟེར་ཨིན་པས།
འབྲུག་གིས་ རྒྱ་གར་ལུ་ ལོ་བསྟར་བཞིན་དུ་ གློག་ཤུགས་ཡུ་ནིཊི་དུང་ཕྱུར་༧ རེ་ ཕྱིར་བཙོང་འབད་མི་དེ་ རྒྱལ་ཁབ་ཀྱི་ གློག་ཤུགས་ཐོན་སྐྱེད་ལས་ བརྒྱ་ཆ་༧༥ ཨིནམ་ད་ རྒྱ་ཁབ་༢ ཀྱི་བར་ནའི་ ས་མཚམས་ཀྱི་ རྒྱུན་ཐག་ཚུ་ཡང་ རྒྱ་གར་གཞུང་གིས་ འཕྲུལ་རིག་དང་ མ་དངུལ་གྲོགས་རམ་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ད་རེས་ཀྱི་གནས་སྟངས་ནང་ འབྲུག་གིས་ རྒྱ་གར་རྒྱལ་ཁབ་རྐྱངམ་གཅིག་ལུ་ གློག་མེ་ཕྱིར་བཙོང་འབད་དོ་ཡོདཔ་ད་ དེ་ཡང་ དར་ལ་དང་ ཆུ་ཁ་ དེ་ལས་ ཀུར་རི་ཆུ་ གློག་མེ་འཕྲུལ་ཁང་༣ ལས་ཨིན་པས།
དེ་དང་གཅིག་ཁར་ སྤྱི་ལོ་༢༠༠༨ ལུ་ འབྲུག་གཞུང་གིས་ རྒྱ་གར་གཞུང་དང་ མཉམ་འབྲེལ་ཐོག་ལས་ སྤྱི་ལོ་༢༠༢༠ ལུ་ འབྲུག་གིས་ གློག་ཤུགས་མེ་ག་ཝཱཊི་༡༠,༠༠༠ རྒྱ་གར་ལུ་ ཕྱིར་བཙོང་འབད་ནིའི་ དམིགས་ཡུལ་བཟོ་ཡོད་མི་དང་འཁྲིལ་ གཞུང་༢ ཀྱིས་ འབྲུག་ལུ་ གློག་མེ་འཕྲུལ་ཁང་ཆེ་བ་༡༠ བཟོ་སྐྲུན་འབད་ནི་སྦེ་ ངོས་འཛིན་འབད་དེ་ཡོད་ཟེར་ ཡོངས་ཁྱབ་མདོ་ཆེན་གྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་ཚུ་གི་གྲས་ལས་༣ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ད་ གཞན་མི་ཚུ་ཡང་ འཕྲལ་མགྱོགས་ར་ བཟོ་སྐྲུན་འགོ་བཙུགས་ནི་ ཨིན་མི་དང་འཁྲིལ་ ས་མཚམས་ཀྱི་ རྒྱུན་ལམ་ཚུ་ཡང་ མངམ་སྦེ་ གཞི་བཙུགས་འབད་དགོཔ་ འཐོན་འོང་ཟེར་ཨིན་པས།
སཱག་ལུང་ཕྱོགས་ནང་ གློག་མེ་ཚོང་འབྲེལ་ལམ་ལུགས་དེ་ མཐར་འཁྱོལ་ཅན་ བཟོ་ནིའི་དོན་ལུ་ ས་མཚམས་མཐུད་སྦྲེལ་དང་ ཟུང་ཕྱོགས་གློག་མེ་ཚོང་འབྲེལ་ཚུ་ རྩ་བརྟན་བཟོ་དགོཔ་ ཡོདཔ་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༢༠ ལུ་ རྒྱ་འབྲུག་༢ ཀྱི་བར་ན་ གློག་ཤུགས་མེ་ག་ཝཱཊི་༡༠,༠༠༠ ཚོང་འབྲེལ་འཐབ་ནིའི་ དམིགས་དོན་དང་འཁྲིལ་ ལཱ་ཚུ་འབད་བའི་སྐབས་ལུ་ བྱ་སྟབས་མ་བདེཝ་ཚུ་ཡང་ ལེ་ཤ་འཐོན་ནི་ཨིནམ་ལས་ བཅའ་མར་གཏོགས་མི་ཚུ་གིས་ དེ་ལུ་ ཐབས་བྱུས་ཚུ་གི་སྐོར་ལས་ བསམ་འཆར་དང་ ཁ་བཀོད་ཚུ་ བྱིན་དགོཔ་ལས་ དེ་གིས་ ཕན་ཐོགས་བྱུང་འོང་ཟེར་ ཡེ་ཤེས་དབང་འདུས་ཀྱིས་ སླབ་ཅི།
འབྲུག་གློག་མེ་ལས་འཛིན་གྱི་ གློག་མེ་བཀྲམ་སྤེལ་སྡེ་ཚན་གྱི་མདོ་ཆེན་ མགོནམ་ཚེ་རིང་གིས་ སླབ་མིའི་ནང་ མ་གཞི་ འབྲུག་གིས་ གློག་མེ་ཚུ་ ལུང་ཕྱོགས་རྒྱལ་ཁབ་གཞན་ཚུ་དང་གཅིག་ཁར་ ཚོང་འབྲེལ་འཐབ་ནི་ཨིན་རུང་ འབྲུག་དང་གཅིག་ཁར་ རྒྱ་གར་རྒྱལ་ཁབ་རྐྱངམ་གཅིག་མ་གཏོགས་ ས་མཚམས་མཐུད་སྦྲེལ་མེད་ནི་དེ་གིས་ བྱ་སྟབས་མི་བདེ་ནི་ཨིན་མས་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ཡང་ འབྲུག་དང་ རྒྱ་གར་རྒྱལ་ཁབ་༢ ཀྱི་བར་ན་ གློག་མེའི་རྒྱུན་ལམ་ཚུ་ གཞི་བཙུགས་འབད་དེ་ཡོད་མི་གིས་མ་ཚད་ མ་འོངས་ལོ་ཚུ་ནང་ རྒྱུན་ལམ་ཚུ་ གོང་འཕེལ་གཏང་ནི་ཨིནམ་ལས་ དཔེ་འབད་བ་ཅིན་ ཤྲི་ལངྐ་དང་ བང་ལ་དེཤ་བཟུམ་མའི་ རྒྱབ་ཁབ་ཚུ་ རྒྱ་གར་དང་གཅིག་ཁར་ ས་མཚམས་ཡོདཔ་ལས་ རྒྱ་གར་བརྒྱུད་དེ་ ཚོང་འབྲེལ་འཐབ་ཚུགས་ཟེར་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༢༨ ལས་འགོ་བཙུགས་མི་ ཉིན་གྲངས་༢ ཀྱི་ ཞལ་འཛོམས་དེ་ནང་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་རྒྱལ་ཁབ་ཚུ་ལས་ འཐུས་མི་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ད་ ཞལ་འཛོམས་དེ་ཡང་ ཡུ་ཨེསི་ཨེའིཌི་དང་ འབྲུག་གློག་མེ་ལས་འཛིན་༢ མཉམ་འབྲེལ་གྱི་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment